༄༅།།​རྨད་བྱུང་ཁ་བསྐོང་།

文摘   2024-12-31 08:57   四川  


དེ་ནས་ཁ་སྐོང་ཏེ། ཨ་ཨཱོྃ་ཧཱུྃ། ལན་གསུམ་བརྗོད། རྨད་འབྱུང་མཆོད་པའི་ལོངས་སྤྱོད། མི་བཟད་རྒྱུན་གྱི་བསང་མཆོད་འདི་འབུལ་བའི་གནས་སུ་གྱུར་པ་ནི། ཞིང་ཁམས་རྣམ་པར་དག་པའི་ཕོ་བྲང་ན། བོན་སྐུ་སྐྱེ་བ་མེད་པ། རྫོགས་སྐུ་མཚན་དང་ལྡན་པ། སྤྲུལ་སྐུ་འགྲོ་དོན་མཛད་པ། ཞི་བ་ལྷུན་གྱིས་གྲུབ་པ། རྒྱས་པ་མཐར་རུ་ཕྱིན་པ། ཁྲོ་བོ་རྨད་དུ་བྱུང་བ། དྲག་པོས་དགྲ་བགེགས་སྒྲོལ་བ། ཕོ་ཉ་ལས་ལ་མྱུར་བ། མ་སྲིང་མཐུ་རྩལ་ཆེ་བ། སྐུ་གསུམ་རྫོགས་པའི་སངས་རྒྱས། དུས་གསུམ་གྱི་བདེ་བར་གཤེགས་པ། ས་བཅུའི་གཡུང་དྲུང་སེམས་དཔའ། བརྒྱུད་ལྡན་གྱི་བླ་མ་དམ་པ། གནས་གསུམ་མ་སྲིང་མཁའ་འགྲོ། རྟེན་གསུམ་མ་རིག་མུན་སེལ། སྲིད་གསུམ་ཕྱོགས་བཅུའི་གཤེན་རབ་འཁོར་དང་བཅས་པ་རྣམས་ལ། མི་ཟད་རྒྱན་གྱི་བསང་མཆོད་འདི་ཕུལ་བས་ཐུགས་དམ་གཉེན་པོ་རྒྱུད་ཡོངས་སུ་བསྐང་ངོ་། །སྐབས་འདིར་གསེར་སྐྱེམས་དང་ཚོགས་མཆོད། གཏོར་མ་སོགས་གང་བགོས་ཁ་བསྒྱུར་ཤེས་པར་མཛོད། ཁྱད་པར་དུ་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་ལས་སོགས།རྣམ་དག་སྲས་ཡུམ་གྱི་ལྷ་ཚོགས། བདེར་གཤེགས་གཙོ་བཞི་ལས་སོགས། གཡུང་དྲུང་ཀློང་རྒྱས་ཀྱི་ལྷ་ཚོགས།སྐུ་གསུམ་མེ་ལྷ་ལས་སོགས། སྦྱིན་སྲེག་རྒྱུན་གྱི་ལྷ་ཚོགས། ཀུན་ཏུ་བཟང་པོ་ལས་སོགས། བདེར་གཤེགས་ཞི་བའི་ལྷ་ཚོགས། ཀུན་སྣང་ཁྱབ་པ་ལས་སོགས། ངོ་མཚར་རྒྱས་པའི་ལྷ་ཚོགས། གཙོ་མཆོག་མཁའ་འགྱིང་ལས་སོགས། བྱིན་རླབས་དབང་གི་ལྷ་ཚོགས། དབལ་གསས་རྔམ་པ་ལས་སོགས། མཐུ་སྟོབས་དྲག་པོའི་ལྷ་ཚོགས།འབྲུག་གསས་ཆེམ་པ་ལས་སོགས། སྒྲོལ་བྱེད་ཕུར་པའི་ལྷ་ཚོགས། མགོན་པོ་རྣམ་གསུམ་ལས་སོགས། གཙང་མ་ཞང་ཞུང་གི་ལྷ་ཚོགས། གསང་མཆོག་མཐར་ཐུག་ལས་སོགས། མ་རྒྱུད་མཁའ་འགྲོའི་ལྷ་ཚོགས། ཆེ་མཆོག་མཁའ་འགྱིང་ལས་སོགས། ཁྲག་འཐུང་རོལ་པའི་ལྷ་ཚོགས། གཡུ་འབྲང་ཕྱུག་མོ་ལས་སོགས། བདུད་རྩི་སྨན་གྱི་ལྷ་ཚོགས། རགྴ་དབུ་འབུམ་ལས་སོགས། ཁྲོ་བོ་སྤྱི་འདུལ་གྱི་ལྷ་ཚོགས། སྟག་ལ་མེ་འབར་ལས་སོགས།སྤུ་གྲི་དམར་ནག་གི་ལྷ་ཚོགས། འཆི་མེད་གཙུག་ཕུད་ལས་སོགས། གཡུང་དྲུང་ཚེའི་ལྷ་ཚོགས། ཁོད་སྤུངས་དྲན་པ་ལས་སོགས། དཔོན་གསས་རིག་འཛིན་གྱི་ལྷ་ཚོགས། སྐལ་པ་བཟང་མོ་ལས་སོགས། མ་སྲིང་མཁའ་འགྲོའི་ལྷ་ཚོགས། ཚེ་དབང་རིག་འཛིན་ལས་སོགས། དཔའ་བོ་ཕོ་རྒྱུད་ཀྱི་ལྷ་ཚོགས། ཐུགས་རྗེ་ཀུན་སྒྲོལ་ལས་སོགས། དཔའ་མོ་རྒོད་ལྕམ་གྱི་ལྷ་ཚོགས། སྲིད་པའི་རྒྱལ་མོ་ལས་སོགས། བཀའ་སྲུང་བོན་སྐྱོང་གི་ལྷ་ཚོགས། མཁྱེན་བརྩེ་སྟོབས་དང་ལྡན་པ། འགྲོ་འདུལ་ཐབས་ལ་མཁས་པ། གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་ལ། མི་ཟད་རྒྱན་གྱི་བསང་མཆོད་འདི་ཕུལ་བས་ཐུགས་དམ་གཉེན་པོ་རྒྱུད་ཡོངས་སུ་བསྐང་ངོ་། གཞན་ཡང་གཡུང་དྲུང་བོན་གྱི་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པའི། མ་མཆོག་སྲིད་པའི་རྒྱལ་མོ།དམ་ཅན་གནམ་ཕྱི་མཆེད་གསུམ། སྲིད་པའི་རྒྱལ་མོ་སྡེ་དྲུག བཀའ་ཡི་བྱ་ར་མ་གསུམ། དྲེའུ་དམར་ནག་གི་ལྷ་ཚོགས། དམ་ཅན་ཡུམ་སྲས་སྡེ་ལྔ། མ་སྒྲ་བླའི་རྒྱལ་མོ་སྟག་རི་རོང་། བྱང་སྨན་རྒྱལ་མོ་ཀུ་མ་ར། གསང་ཡུམ་ཀླུ་མོ་འོད་འབར་མ་ལས་སོགས་དམ་ཅན་མོ་རྒྱུད་སྲུང་མའི་སྡེ་ཚོགས་རྣམས་ལ་མི་ཟད་རྒྱན་གྱི་བསང་མཆོད་འདི་ཕུལ་བས་ཐུགས་དམ་གཉེན་པོ་རྒྱུད་ཡོངས་སུ་བསྐང་ངོ་། གཞན་ཡང་ལྷ་ཆེན་གཅེན་ལྷ་མིག་དགུ། མི་བདུད་འབྱམས་པ་ཁྲག་མགོ བདུད་བཙན་དྲྭ་བ་དམར་ནག་གི་ལྷ་ཚོགས། བཙན་རྒོད་ཧུར་པ་གསོད་རྐྱེན། བྲག་བཙན་ཨ་བསེ་རྒྱལ་བ། བསྟན་སྲུང་རྨ་གཉེན་པོམ་ར། དམག་དཔོན་ཆེན་པོ་ཡང་ནེ་ཝེར། གནོད་སྦྱིན་ནོར་བདག་ཀུ་བེེ་ར།རྒྱལ་པོ་ཆེན་པོ་ཉི་པང་སད། གྲོགས་མཆོག་ཆེན་པོ་རྒྱལ་བ་འབར། རྒྱལ་པོ་ཆེན་པོ་ཤེལ་ཁྲབ་ཅན། སྐྱེས་བུ་གནམ་ཐེལ་དཀར་པོ། བཙན་རྒོད་གྲགས་པ་རྒྱལ་མཚན་ལ་སོགས་དམ་ཅན་ཕོ་རྒྱུད་སྲུང་མའི་སྡེ་ཚོགས་རྣམས་ལ་མི་ཟད་རྒྱན་གྱི་བསང་མཆོད་འདི་ཕུལ་བས་ཐུགས་དམ་གཉེན་པོ་རྒྱུད་ཡོངས་སུ་བསྐང་ངོ་། གཞན་ཡང་འཇིག་རྟེན་གྱི་དཔལ་མགོན་བདུན་ཅུ་རྩ་གཉིས། བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད། བོད་ཀྱི་མགུར་ལྷ་བཅུ་གསུམ། འཇིག་རྟེན་གྱི་བརྟན་མ་བཅུ་གཉིས། རྨ་རིགས་སུམ་བརྒྱ་དྲུག་ཅུ། སྨན་ཕྲན་དགུ་ཁྲི་དགུ་འབུམ།ཡུལ་རི་འདི་ཡི་གཞི་བདག་དབེན་རི་འདི་ཡི་སྲུང་མ་རྣམས་ལ་མི་ཟད་རྒྱུན་གྱི་བསང་མཆོད་འདི་ཕུལ་བས་ཐུགས་དམ་གཉེན་པོ་རྒྱུད་ཡོངས་སུ་བསྐང་ནས་ལས་སྤྱོད་དཀར་པོ་དགེ་བའི་སྡོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། གཞན་ཡང་ཁམས་གསུམ་གྱི་སྐྱེ་བ་གནས་བཞི། ལམ་རྒྱུད་ལྔ་འགྲོ་བ་རིགས་དྲུག བརྟེན་མེད་ཡིད་འཕྱོ་བའི་གནས་སུ་བདུད་རྩིའི་ཆར་འབེབས་པར་གྱུར་ཅིག དེ་ལྟར་སྲི་ཞུའི་མགྲོན་དང་། ཡོན་ཏན་གྱི་མགྲོན་དང་། ལན་ཆགས་ཀྱི་མགྲོན་དང་། སྙིང་རྗེའི་མགྲོན་རྣམས་ལ་བླ་མེད་མཆོད་སྤྲིན་རྒྱ་ཆེན་པོ་འདི་ཕུལ་བས། རྒྱལ་བ་རྣམས་མཆོད་པས་མཉེས་པར་གྱུར་ཅིག དམ་ཅན་ཐུགས་དམ་བསྐང་བར་གྱུར་ཅིག ལྷ་སྲིན་གདུག་རྩུབ་ཞི་བར་གྱུར་ཅིག རིགས་དྲུག་སྦྱིན་པས་ཚིམས་པར་གྱུར་ཅིག དེ་ལྟར་གྱུར་ནས་ཀྱང་།འཕྲིན་ལས་དམ་པ་གསོལ་བ་ནི། སྒྲུབ་གཤེན་བདག་ཅག་འཁོར་དང་བཅས་པ་རྣམས་ལ། འཕྲལ་རྐྱེན་བར་ཆད་ཞི་བ་དང་། མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་། བསམ་དོན་སྨོན་ལམ་འགྲུབ་པ་དང་། སྡང་དགྲ་གནོད་བགེགས་བརླག་པ་དང་། སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཕུན་སུམ་ཚོགས་པར་མཛད་དུ་གསོལ། གཞན་ཡང་ཡས་ཀྱི་བདུད་གཡོས་པ་དང་། མས་ནས་སྲི་ལངས་བ་དང་། བྱེ་བོའི་བཙན་འགྲོལ་བ། ཐད་ནས་དམུ་གཡོས་པ་ལས་སོགས་མི་མཐུན་པའི་ཕྱོགས་རྣམས་ཐམས་ཅད་མཁའ་ལ་བཟློག་པར་མཛད་དུ་གསོལ། དབྱིངས་སུ་ཞི་བར་མཛད་དུ་གསོལ། ཀློང་དུ་མཉམ་པར་མཛད་དུ་གསོལ། གལ་ཏེ་ཞི་ཞིང་མཉམ་པར་མ་གྱུར་ན། རྟེན་ལ་འགུགས་པ་དང་། ཤུགས་ཀྱིས་བསྒྲལ་བ་དང་།སྟོབས་ཀྱིས་མནན་པ་དང་། དབྱིངས་སུ་གཟིར་བར་མཛད་དུ་གསོལ་ལོ།། ཞེས་པ་འདི་ནི་དམ་ཉམས་ལོག་ལྟ་བསྒྲལ་བའི་ཕྱིར་དུ་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས་དཔལ་གཤེན་བསྟན་བཀྲ་ཤིས་སྨན་རིའི་ཁྲོད་དུ་སྦྱར་བའོ།།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章