༄༅།།སྒྲུབ་ཆུང་བསམ་འཕེལ་ནོར་བུ་ལས་གུལ་དུ་ཕྱུང་བའི་དབྱངས་ཅན་ལྷ་མོའི་འཛབ་བསྐྱེད་བཞུགས།
གསུང་གི་སྒོ་ནས་སྒྲུབ་པ་ལ། དང་པོ་འཛབ་བསྒོམ་ནི། རང་ཉིད་གཤེན་རབ་རྣམ་པར་རྒྱལ་བ་གསལ་བའི་ཐུགས་ཀར་བསྭོ་རིན་པོ་ཆེའི་སྣ་ཚོགས་མདངས་དང་ལྡན་པ་ལ། རྩ་བའི་བསྙེན་འཛབ་གཟུངས་གསུམ་གང་བཟླས་པས། གཡས་བསྐོར་དུ་འཁོར་བ། མགྲིན་པའི་དབྱིངས་རུམ་དུ། པདྨའི་ལྟེ་བར་ཡི་གེ་ཧྲཱི་དཀར་པོ་ཤེར་དཀར་གྱི་ཐིག་པ་འདྲ་བ་ལ་བཟླས་པའི་སྙིང་པོས་གཡས་བསྐོར་དུ་འཁོར་བ། དེ་རྣམས་ལས་འོད་ཟེར་ཡར་འཕྲོས་དབྱིངས་ཀྱི་རྒྱལ་བ་སྲས་དང་བཅས་པ། ཐམས་ཅད་ཀྱི་ལྗགས་སྟེང་དུ་ཕོག་པས། ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། གསུང་གི་བྱིན་རླབས་དང་མཐུ་སྟོབས་ཐམས་ཅད་ཀྱི་ངོ་བོ་འཕྲུལ་ཆེན་ཡིག་འབྲུའི་རྣམ་པ་གྲངས་མེད་པ་དང་དབྱངས་ཅན་ཡེ་ཤེས་ཀྱི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་ཏེ། བདག་གི་མགྲིན་པར་བྱོན་ནས་དངོས་སུ་བཞུགས་པར་བསམ། འོད་ཟེར་ཕར་འཕྲོས་པས་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་ངག་དང་ཤེས་རབ་ཀྱི་ཡོན་ཏན་དང་ནུས་མཐུ་ཅི་ཡོད་པ་རྣམས་བུང་བས་མེ་ཏོག་གི་བཅུད་བསྡུས་པ་བཞིན་དུ་ཚུར་བསྡུས་ནས་ངག་ལ་ཐིམ། ཡང་འོད་ཟེར་ཕར་འཕྲོས་པས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་སྦྱངས། ངག་གིས་ཡོན་ཏན་དང་བློ་གྲོས་ཤེས་རབ་ཐམས་ཅད་ཚུར་བསྡུས་ཏེ། བདག་གི་ངག་ཡིད་ལ་ཐིམ་པས། ངག་ལ་ཚངས་པའི་གསུང་དབྱངས་དྲུག་ཅུ་དང་། ཡིད་ལ་མཁྱེན་བརྩེའི་ཡེ་ཤེས་བརྒྱད་ཁྲི་མངོན་སུམ་དུ་ཐོབ་པར་བསམ་ལ། རྣམ་རྒྱལ་གཟུངས་སྡེ་རིན་ཆེན་ཕྲེང་བ་དང་། བུམ་གཟུངས་ལས་བྱུང་བའི་དབྱངས་ཅན་ལྷ་མོའི་སྙིང་པོ་ནི། ༀཱ་ཀུ་རུ་ཀུ་ལེ་ཧྲི་སྭཱཧྭཱ༔ ཞེས་བརྒྱ་སྟོང་ཁྲི་འབུམ་བརྗོད། དེ་ནས་རྒྱ་ནག་ལེགས་ཏང་རྨང་པོའི་དགོངས་བཞེད་སྒྲ་དབྱངས་ལྷ་མོའི་ཡང་སྙིང་ནི། ༀཱ་ཨག་ཤོ་སང་སང་སྨྲ་ཝེར་མ་མ་འདུ་སྭཱཧྭཱ༔ ཞེས་པ་གཉིས་བཟླས་པའི་ཉམས་སྣང་དྲོད་ཚད་དང་སྦྱར་ཏེ། ཅི་ལྕོགས་བགྲང་ངོ། འཛབ་སྟོད་ནི། ཧྲི་སྒྲ་དབྱངས་ལྷ་མོ་འཁོར་བཅས་ལ། །སྙིང་པོ་འཛབ་ཀྱི་མཆོད་པ་འབུལ། །ཚངས་པའི་གསུང་དབྱངས་དྲུག་ཅུ་དང་། །ཤེས་རབ་ཡེ་ཤེས་དངོས་གྲུབ་སྩོལ། །ཞེས་པའམ། ཡང་ན་རྣམ་རྒྱལ་གཟུངས་སྡེ་ཞང་ཞུང་མ་ལས་བྱུང་བའི་གཟུངས་ནི། ན་མོ་དམུ་ར་ཏ་ཧན་སད་དོ་ཧྲུན། ཨག་ཤོག་སང་སང་། སྨྲར་ཞི་ཝེར་ནི། པྲ་ཏི་སད་ཝེར། སད་སྨྲར་ཙ་མེད། ཨག་ཤོ་དེ་ཤོ། མ་དྲིམ་དྲི། མ་ཧྲིང་མ་ཧྲིང་ནི། ཧྲིང་ཛ་ཧྲིང་ཛ། སད་དོ་མ་མ་ཏི་སྟ། གྱེར་གྱི་ཨག་ཤོ་སལ་སལ། སྨྲར་ཡེ་ཀུ་རུ་ཡེ་སྭཱཧྭཱ༔ ༀཱ་སྒྲ་དབྱངས་ལྷ་མོ་འཁོར་བཅས་རྣམས། །སོ་སོ་རང་རིག་ཡིག་འབྲུ་ཐུགས། །ཡང་དག་སྙིང་པོས་རྒྱུད་བསྐུད་ན། །རིག་པ་འཛབ་ཀྱི་མཆོད་བཞེས་ལ། །འཕྲིན་ལས་གཟུངས་ཀྱིས་བསྐུལ་འདེབས་ཀྱིས། །ལྷ་ཞལ་བདག་ལ་བསྟན་དུ་གསོལ། །དཀའ་རྒྱུད་ངེས་པར་བསྒྲག་ཏུ་གསོལ། །ཐུགས་རྗེས་ཡོངས་སུ་དགོངས་སུ་གསོལ། །སྙིང་པོ་ལྷ་ཡི་གསུང་ཡིན་ཏེ། །གསུང་གི་འཁོར་ལོ་བདག་བསྐོར་གྱིས། གསུང་ལ་གྲུབ་པ་མངའ་བརྙེས་པ། །གང་ལ་དམིགས་པའི་འཕྲིན་ལས་སྒྲུབས། །དགྲ་བཅོམ་འབྲས་བུ་ཐོབ་ནས་ཀྱང་། །མངོན་སངས་རྒྱས་པར་མཛད་དུ་གསོལ། །སོགས་ཀྱི་བསྟོད། ཡང་ན་འདོད་གསོལ་ནི། ལྷ་མོ་སྒྲ་དབྱངས་ཀྱི་རྒྱལ་མོ་ཁྱེད་ཀྱིས་གཤེན་པོ་བདག་གི་ངག་ལ་ཞུགས་ནས་སྒྲ་སྒྲོགས་པར་མཛོད་ཅིག ལྕེ་གྲོལ་བར་མཛོད་ཅིག སྨྲ་མྱུར་བར་མཛོད་ཅིག མགུར་སངས་བར་མཛོད་ཅིག དབྱངས་སྙན་པར་མཛོད་ཅིག སྐད་བདེ་བར་མཛོད་ཅིག ཚིག་གསལ་བར་མཛོད་ཅིག སྒྲོགས་སྤྲོ་བར་མཛོད་ཅིག ངག་ལ་འགྲོ་བ་ཐམས་ཅད་ཆགས་པར་མཛོད་ཅིག ཚངས་པའི་དབྱངས་ཅན། ངག་གི་དབང་ཕྱུག སྨྲ་བའི་སེང་གེ གཡུང་དྲུང་གི་བོན་རིན་པོ་ཆེའི་ཚིག་དོན་ཐམས་ཅད་འཛིན་པའི་རྒྱལ་པོ་བསྩལ་དུ་གསོལ་ལོ། །རྟགས་ནི་འདིར་མི་གསལ་ཡང་བྱམས་མའི་རྒྱུད་ལས། རྟགས་དང་མཚན་མ་འདི་ལྟར་འཆར། །ཁྲུས་བྱས་ཆུ་གཙང་འཐུང་བ་དང་། །བུད་མེད་དཀར་མོ་རྒྱན་ལྡན་མས། །མེ་ལོང་གཙང་མ་གཏད་པ་དང་། །སྒྲོན་མེ་གསལ་པོ་སྤར་བ་དང་། །རྔ་གཤང་སྒྲ་ནི་བསྒྲགས་པ་དང་། །ནོར་བུ་དཔལ་བེའུ་རྙེད་པ་དང་། །ཉི་ཟླ་ཤར་བ་ལ་སོགས་འབྱུང་། །ཞེས་དང་། དཀར་གསུམ་མེ་ཏོག་ཤེལ་འཕྲེང་གཏད། །ལྷ་མོ་རྟགས་སུ་ཤེས་པར་བགྱི། །ཞེས་སོ། །དེ་ནས་རྗེས་བྱ་མཐར་ཕྱུང་བའི་རིམ་པ་སོགས་ནི། །བྱམས་མའམ་རྣམ་རྒྱལ་གང་རིགས་ལྟར་ཤེས་པར་བྱའོ། །སྨྲས་པ། །བྱམས་རྒྱལ་གཞུང་ལུགས་ནོར་བུའི་རྒྱ་མཚོ་ལས། །ཐོས་བསམ་སྒོམ་སྒྲུབ་གྲུ་གཟིངས་ཀྱིས་བགྲོད་དེ། །དབྱངས་ཅན་སྒྲུབ་ཐབས་བསམ་འཕེལ་ནོར་བུའི་གཏེར། །རང་གཞན་དད་མོས་རྒྱལ་མཚན་རྩ་མོར་བཀོད། །འདི་འགལ་དང་ནོངས་པ་མཆིས་སྲིད་ན། །ལྷ་དང་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །དགེ་དེས་བདག་སོགས་ཚེ་རབས་ཐམས་ཅད་དུ། །དབྱངས་ཅན་ལྷ་མོས་རྗེས་སུ་འཛིན་གྱུར་ཅིག །ཅེས་ཕྱི་ལྟར་ན་དབྱངས་ཅན་ཚངས་སྲས་ལྷ་མོ། ནང་ལྟར་ན་ཡུམ་ཆེན་བཟང་ཟ་རིང་བཙུན། གསང་བ་ལྟར་ན་ལྷ་མོ་སྒྲ་དབྱངས་ཅན་གྱི་རྒྱལ་མོར་གྲགས་པའི་སྒྲུབ་ཆུང་བསམ་འཕེལ་ནོར་བུ་ཞེས་བྱ་བ་འདི་ཡང་རང་གི་གམ་དུ་གནས་པའི་གསོལ་མིང་བསྟན་པ་ཚུལ་ཁྲིམས་ཀྱིས་ཉེ་བར་བསྐུལ་བ་ལ་བརྟེན་ནས། སྒོ་རིགས་དྲང་སྲོང་ཉི་མིང་པས་ཆུ་བྱི་རྒྱལ་ཟླའི་ཚེས་དགེ་བར་སྨན་རིའི་བླ་བྲང་དུ་སྦྱར་བས། དགེ་དེས་བཅུ་ཕྲག་རིག་གནས་བོན་གྱི་བསྟན་པ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག མུ་ཙུག་སྨར་རོ།།
༄༅༎དབྱངས་ཅན་ལྷ་མོའི་སྐུ་བསྟོད་ངོ་མཚར་ཀུ་མུ་དའི་ཕྲེང་བ་བཞུགས།
དབྱངས་ཅན་ལྷ་མོའི་སྐུ་ལ་ཕྱག་འཚལ་ལོ། །འདིར་སྐུ་བསྟོད་ཅུང་ཟད་རྒྱས་པར་སྤེལ་བ་ངོ་མཚར་ཀུ་མུ་དའི་ཕྲེང་བ་ཞེས་བྱ་བ་ནི། ཧྲིཿ རི་རབ་རྩེ་མོ་རྩ་གསུམ་ལྷ་གནས་ཀྱི། །གླིང་དགུ་བཅུད་ཀྱི་ཆུ་གཏེར་ཆེན་མོ་ལས། །ལེགས་འཁྲུངས་ཤེལ་གྱི་སྦུ་བ་གུར་ཙམ་ལས། །མངོན་པར་བསྐྱེད་པའི་ཕོ་བྲང་ཉམས་དགའ་བ། །གཞའ་ཚོན་བྲིས་ལེགས་གཡུང་དྲུང་བཀོད་འདྲའི་དཀྱིལ། །རབ་དཀར་ཆུ་སྐྱེས་འདབ་མ་སྟོང་ལྡན་གྱི། །ཟེའུ་འབྲུ་གེ་སར་འབུམ་ལྡན་དགོད་པ་ལ། །མཛེས་ལྡན་བུང་བའི་སྙན་འགྱུར་འབུམ་སྒྲོག་དབུས། །ཐབས་ཤེས་དབྱེར་མེད་ཉི་མ་ཟླ་བའི་སྟེང་། །རྒྱལ་ཡུམ་ཤེས་རབ་བྱམས་མ་ཆེན་མོ་ཡི། །རྫུ་འཕྲུལ་གསུང་གི་རོལ་གར་ཧྲི་ཡིག་ལས། །བསྐྱེད་པའི་ཡུམ་ཆེན་སྒྲ་དབྱངས་ལྷ་མོ་ཞེས། །སྐུ་མདོག་དྲི་མེད་ཤེལ་དཀར་ལྷུན་པོ་ལ། །རབ་གསལ་ཟླ་གཞོན་འབུམ་གྱིས་འཁྱུད་པ་བཞིན། །འོད་དུ་འབར་ཞིང་ཟེར་དུ་ཕྲོ་བ་ལས། །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུ་དང་། །རྒོད་ལྕམ་མཁའ་འགྲོའི་མཚན་རྟགས་སོ་དྲུག་སོགས། །མངོན་པར་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཁྱོད་ཞལ་གཡའ་བྲལ་སྟོན་གྱི་ལྷ་ལམ་ངོས། །ཉ་ཆེན་རྒྱས་པའི་བསིལ་ཟེར་ཤར་འདྲའི་ངོགས། །སྤྱན་དཀྱུས་ཨུདྤལ་མཐིང་ཀའི་དཔལ་འཕྲོག་དེས། །བསྐྱེད་པའི་སྨིན་འཁྱོག་བུང་བས་འཕུར་ལྡིང་རྩེན། །ཞལ་མཆུའི་སྒྲོས་དང་མཁུར་ཚོས་གཡས་གཡོན་ནི། །ཨུདྤལ་དམར་པོའི་ཆུན་པོས་བརྒྱན་བཞིན་དམར། །མཚར་སྡུག་དཔྱིད་གྱུར་ཁྱེད་ཞལ་ཟླ་རྒྱས་ལ། །དབུ་སྐྲ་ལན་བུ་འདབ་ཕྲེང་མཛེས་འཛིན་པས། །བརྩེ་དགའི་པདྨོ་བཞད་པའི་བསྐྱེད་ཚལ་དུ། །འདོད་པའི་ཁུ་བྱུག་སྙན་གླུ་ལེན་བཞིན་བརྗིད། །འཇིག་རྟེན་ཀུན་ཡིད་འཕྲོག་པའི་འཛུམ་དཀར་ཅན། །རབ་མཛེས་དབྱངས་ཅན་ལྷ་མོའི་ཞལ་ལ་བསྟོད། །འཁོར་འདས་ཀུན་གྱི་སྣང་སེམས་དབང་སྒྱུར་ཕྱིར། །ན་ཆུང་དྲི་ཟའི་བུ་མོའི་གཟུགས་བྱད་འཆང་། །དཀར་འཇམ་མཛེས་སྡུག་བརྗིད་པའི་སྐུ་མཆོག་ལ། །དབུ་རྒྱན་སྙན་ཆ་མགུལ་ཆུ་སེ་མོ་དོ། །དོ་ཤལ་དཔུང་རྒྱན་ཕྱག་གདུབ་ཞབས་གདུབ་དང་། །སོར་གདུབ་ལ་སོགས་སྐུ་ཡི་རྒྱན་མཛེས་སུ། །ཡིད་བཞིན་ནོར་བུ་བཻཌཱུར་རིགས་ལྔ་དང་། །ཨིནྡྲནཱི་ལ་གསེར་གཡུ་མུ་ཏིག་སོགས། །སྣ་ཚོགས་རིན་ཆེན་འབར་བའི་ཆུན་ཕྲེང་དང་། །ཕྲ་ཚོམ་ལ་སོགས་དུ་མས་མངོན་བརྒྱན་ཞིང་། །ཟ་འོག་སྣ་ལྔའི་ན་བཟའ་རབ་བཀླུབས་པ། །བརྒྱ་བྱིན་དབང་པོའི་གཞུ་རིས་ཇི་བཞིན་བཀྲ། །རབ་དཀར་དུ་ཀཱུ་ལ་ཡི་སྟོད་གཡོགས་ཀྱིས། །བསིལ་རིའི་རྩེ་མོར་མཚམས་སྤྲིན་འཁྱུད་ལྟར་མཛེས། །གང་གི་ཞབས་སེན་ལྷ་མིའི་ཟུར་ཕུད་དུ། །བཀོད་པ་བདེ་འབྱུང་གཙུག་གི་ཟླ་བར་མཚུངས། །འགྲོ་ལ་གཟིགས་པ་ནམ་ཡང་ལྷོད་མིན་པས། །རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་དང་། །མཉམ་པའི་ལྷ་མོ་སྒྲ་དབྱངས་རྒྱལ་མོར་བསྟོད། །ཕྱག་གཡོན་རབ་མཛེས་ཤེལ་དཀར་ཏམ་བུ་རར། །ཚངས་དབྱངས་དྲུག་ཅུའི་རྒྱུད་ཀྱིས་རབ་སྤྲས་ཏེ། །འགྱིང་བའི་ཟོལ་གྱིས་སྐུ་ལ་རབ་རྟེན་པ། །ཕྱག་གཡས་རིན་ཆེན་གདུབ་བུའི་སིལ་སྒྲ་དང་། །ཆབས་ཅིག་མཉེན་ལྕུགས་འཕྲ་ལྡེམ་སོར་རྩེ་ཡིས། །བར་སྣང་བུང་བ་ལྡིང་བའི་དཔེར་བྱས་ཏེ། །ལེགས་པར་བསྒྱུར་བའི་སྙན་འཇེབས་གླུ་དབྱངས་ཀྱིས། །ཟབ་རྒྱས་སྙན་འགྱུར་འབུམ་གྱི་བོན་སྒྲ་ཡིས། །འགྲོ་ཀུན་ངག་གི་དབང་པོ་རྣམས་བཀྲོལ་ཞིང་། །ཚངས་པའི་གསུང་དབྱངས་དྲུག་ཅུ་རྩ་གཅིག་གིས། །རྨོངས་པའི་ལྐུགས་ཁ་རྣམ་པར་འབྱེད་མཛད་པའི། །དབྱངས་ཅན་སྒྲ་དབྱངས་ལྷ་མོ་འཁོར་བཅས་ལ། །ཕྱག་འཚལ་སྐུ་བསྟོད་མཆོད་འབུལ་གསོལ་བ་འདེབས། །ཁྱེད་ཀྱི་ཐུགས་བརྩེས་བདག་ལ་ཉེར་གཟིགས་ནས། །འགག་འཛེར་དིག་ལྐུགས་མ་ལུས་བྱང་བར་མཛོད། །ཁྱེད་སྐུ་འཛུམ་བག་སྒེག་པའི་སྒྲུ་འཕྲུལ་གར། །གར་སྟབས་ཁོ་བོའི་མགྲིན་པའི་པད་མཚོའི་དཀྱིལ། །དཀྱིལ་འཁོར་གང་བའི་ཟླ་ལྟར་མཛེས་བཞིན་དུ། །དུ་མར་སྤྲུལ་ནས་ཟློས་གར་བསྒྱུར་མཛད་གསོལ། །གསོལ་བ་རྩེ་གཅིག་བཏབ་པའི་བྱིན་མཐུ་ཡིས། །བདག་སོགས་འདི་ནས་ཚེ་རབས་ཐམས་ཅད་དུ། །ལྷ་མཆོག་ཁྱེད་ཀྱི་ཐུགས་རྗེས་རྒྱུན་བཟུང་སྟེ། །ཚངས་པའི་གསུང་དབྱངས་དྲུག་ཅུ་རྩ་གཅིག་དང་། །མཁྱེན་པའི་ཡེ་ཤེས་བརྒྱད་ཁྲི་བཞི་སྟོང་གིས། །བོན་དང་འཇིག་རྟེན་བྱ་བ་གག་བགྱིས་ཀྱང་། །སྨྲ་བསམ་གཉིས་ལ་རང་དབང་ཐོབ་པ་ཡི། །བསྟན་འགྲོ་སྐྱོབས་པའི་དཔལ་དུ་བདག་གྱུར་ཅིག ། དེ་ལྟར་ལྷ་མོ་སྒྲ་དབྱངས་རྒྱལ་མོ་ལ༑ ༑རྩེ་གཅིག་གསོལ་བ་གདབ་པའི་ཡན་ལག་ཏུ། །ཉེར་མཁོ་སྐུ་བསྟོད་ཀུ་མུ་དའི་ཕྲེང་བ། །སྒོ་བཙུན་ཉི་རི་ཤེར་ཞིན་དད་པས་ཕུལ། །དགེ་དེས་བདག་སོགས་འགྲོ་བ་མ་ལུས་པ། །སྨྲ་བསམ་རང་དབང་འཐོབ་པའི་རྒྱུ་གྱུར་ཅིག །ཐ་ཚན་མུ་ཙུག་སྨྲ་རོ།།