༄༅།།ཚོགས་བསྡུས་ཚོགས་གཉིས་མཛོད་ཁང་བཞུགས་སོ།།
༄༅།། རིན་ཆེན་གསུམ་ལ་གུ་དུན་ཧྲུན།། ཞི་ཚོགས་ཁྲོ་ཚོགས་སྙིང་ཚོགས་དང་།། བམ་ཚོགས་ལ་སོགས་བརྒྱ་སྟོང་ཁྲི།། འབུམ་དང་འདོད་ཡོན་རྣམ་ལྔ་སོགས།། ཞལ་ཟས་ཕུན་སུམ་ཚོགས་པར་བསག །དེ་ནས་སྒྲུབ་གཤེན་དམ་ལྡན་རྣམས།། ཚོགས་ཀྱི་ལས་ལ་འཇུག་པ་ནི།། རཾ་ཡཾ་མཾ། ཨ་ཨཱོྃ་ཧཱུྃ། ༔ལན་གསུམ་གྱིས། ཞལ་ཟས་ཚོགས་ཀྱི་མཆོད་པ་ཡོངས་སུ་གྱུར་པ་ལས། འདོད་ཡོན་ལྔའི་མཆོད་པ་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བ་ནམ་མཁའི་མཛོད་དང་མཉམ་པས། རྩ་གསུམ་དམ་ཅན་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐངས་ནས། སྒྲུབ་གཤེན་ཀྱི་ཚོགས་གཉིས་རྫོགས་ཤིང་དམ་ཚིག་ཉམས་པའི་ལས་ངན་བྱང་བར་བསམ་མོ།། ཧཱུྃ ཿ སྒྲུབ་གཤེན་དད་པས་སྦྱར་བ་ཡི།། ཞལ་ཟས་ཚོགས་ཀྱི་མཆོད་པ་ལ།། འདོད་ཡོན་རྣམ་ལྔའི་སྤྲིན་སྤུངས་འཁྲིགས།། ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ།། བོན་ཉིད་དབྱིངས་དང་མཉམ་པར་བཤམས།། བླ་མ་ཡི་དམ་མཁའ་འགྲོའི་ཚོགས།། ཚོགས་ཁང་གནས་འདིར་ར་ཡོ་ཛ།། དམ་ཚིག་རྟེན་ལ་ཏིཥྛ་ལྷན།། དངོས་འབྱོར་ཡིད་སྤྲུལ་མཆོད་པའི་རྫས།། ནམ་ཟུར་མུ་ཡེ་ཧ་ར་ཐིམ།། བདག་དང་ཇི་སྙེད་འགྲོ་ཀུན་གྱིས། དཀྱིལ་འཁོར་ལྷ་ལ་གུ་དུན་ཧྲུན།། སྡོམ་གསུམ་ཉམས་འགལ་གཤའ་ཡ་ནི།། ལས་ཉོན་སྡུག་བསྔལ་དགྲ་བགེགས་རྣམས།། ཉ་བོ་འདི་ལ་ཨངྐུ་ཛ ཿ །གྱི་གྲན་ཤུ་ནིག་གཟུགས་ཕུང་འདི།། བྱི་གྲི་སྟི་གྲིས་དུམ་བུར་གཏུབ།། ཙཀྲ་མ་ར་ཡཱ་རྦད་རྦད།། ཤ་ཁྲག་བདུད་རྩི་ཚོགས་སུ་སྦྱངས།། དཀྱིལ་འཁོར་ལྷ་ཚོགས་ཞལ་ཁ་རུ།། མཱང་ས་རཀྟ་ཀེང་ཆེན་རུས།། བསྟབ་པོ་ཁ་ཁ་ཁཱ་ཧི་ཧོ།། ཉོན་མོངས་དུག་གསུམ་རྩད་ནས་ཆོད།། ཡེ་ཤེས་རོལ་པའི་ཚོགས་ཆེན་འདིས།། རྩ་གསུམ་དཀྱིལ་འཁོར་ཐུགས་དམ་སྐོང་།། བདག་གི་ལས་སྒྲིབ་ཀུན་བྱང་ནས།། མཆོག་ཐུན་གཉིས་ཀྱི་དངོས་གྲུབ་སྩོལ།། གྷ་ན་ཙཀྲ་ལ་ཁཱ་ཧི། ཞེས་འགྲོ་མགོན་བློ་གྲོས་ཀྱི་ཞལ་ནས། གསང་སྔགས་ཀྱི་དམ་ཚིག་ཉམས་པ། ཆེ་བ་ཚོགས་འབུམ། འབྲིང་བ་སྟོང་། ཆུང་བ་བརྒྱ་ལ་སོགས་པས་བཤགས་ལ་གསོ།། ཞེས་གསུངས་ཚོགས་འབུམ་ལ་སོགས་བསག་བདེ་རུ་ཤར་རྫའི་བྱ་བྲལ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི་དགེ་བས་དམ་ཚིག་ཉམས་པ་བྱང་བ་ཤོག །དགེའོ།།
རཾ་ཡཾ་མཾ། ཨཿཨཱོྃ་ཧཱུྃ། ཨཱོྃ་འཕྲོ་འདུ་ལོངས་སྤྱོད་ཚོགས་ཀྱི་དཀྱིལ་འཁོར་དུ།། ཅི་ལྟར་འཚོགས་པ་ཡོ་བྱད་རྒྱུ་ཡི་ཚོགས།། ཆོ་འཕྲུལ་སྣ་ཚོགས་རོལ་པ་སེམས་ཀྱི་ཚོགས།། སྟོང་གསུམ་རླང་མདོགས་ཁུ་བ་རྩིགས་མར་བཅས།། སྦྱང་སྤེལ་བདུད་རྩི་ཚོགས་སུ་བྱིན་གྱིས་བརླབས།། དབྱིངས་ཤེས་མཁའ་ཀློང་ཐབས་ཤེས་གཉིས་སུ་མེད།། ཡུལ་དབང་ལྷ་དང་སྐྱེ་འགྲོ་གཉིས་མེད་སྦྱར།། མ་སྦྱོར་ལོག་པའི་རྟོག་པ་ཀུན་བསྟིམས་ནས།། ཐུགས་རྗེ་ཁྲོས་པའི་དབལ་གྱིས་བསྒྲལ་ནས་ཀྱང་།། འདོད་པའི་ལོངས་སྤྱོད་རྫུ་འཕྲུལ་ལྷ་ལ་བསྟིམས།། ཉམས་ཆགས་འགལ་འཁྲུལ་གདུང་ཚིག་སྔགས་ཀྱིས་བཤགས།། མཚན་མ་ཟ་བྱེད་ཞལ་དུ་གདུག་པའི་རྣམ་རྟོག་བསྟབ།། བག་ལ་ཉལ་བའི་ལོག་འདྲེན་དབྱིངས་སུ་སྒྲོལ།། ཨ་ཨཱ་དཀར་ས་ལེ་འོད་ཨ་ཡང་ཨཱོྃ་འདུཿ །སྐྱབས་གནས་བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་ལ།། ཞལ་ཟས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ།། ཐུགས་རྗེའི་བྱིན་གྱིས་རློབས་ལ་བཞེས་སུ་གསོལ།། མཉེས་རབ་དམ་པའི་མཆོག་དང་ལྡན་ནས་ཀྱང་།། ཚེ་དབང་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ།། ཨ་ཿཨཱོྃ་ཧཱུྃ་མུ་ཡེ་ཧ་ར་སད་ལ་ར་ས་ཡ་ན་ཐིམ་ཐིམ་ཡེ་སྭཱཧཱ། འདི་ནི་སྙན་བརྒྱུད་རིག་པ་ཅེར་མཐོང་དང་སེམས་ལུང་སྒྲོན་མ་སོགས་རྒྱུད་སྡེ་མང་པོ་ནས་འདི་བཞིན་བྱུང་བ་བཅོས་སླད་མེད་པར་ཤར་རྫ་པས་བྲིས་ནས་པར་དུ་བཀོད་པ་དགེའོ།།