འབུམ་འགྱུར་ཟླ་བའམ་རྒྱལ་ཟླ་བའི་དུས་ཆེན་ངོ་སྤྲོད།
༄༅། །བདག་ཅག་གི་སྟོན་པའི་འཁྲུངས་སྐར་དུས་ཆེན་རྒྱལ་ཟླ་བ་འམ། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔའི་ཉིན་ཡིན་པ་སྟོན་པའི་རྣམ་ཐར་འབྲིང་པོ་གཟེར་མིག་དང་། རྒྱས་པ་གཟི་བརྗིད་གཉིས་ཀའི་ནང་ཞིབ་ཅིང་ཕྲ་བ་གསལ་ཞིང་། དེ་བཞིན་བཀའ་ལུང་དུ་མའི་དགོངས་དོན་དང་། རྩིས་རིགས་ཀྱི་རྣམ་བཞག དངོས་སུ་མིག་གིས་མཐོང་ཐུབ་པའི་རྒྱལ་དང་ཟླ་བའི་མཇལ་འཛོམས་སོགས་ཀྱི་ལུང་རིགས་དང་བདེན་དོན་རྣམས་ཀྱིས་གསལ་པོར་བསྟན་ཡོད་པའི་ཁོངས་ནས་འདིར་ལུང་གང་ལས་གསལ་བ་དང་། མཁས་པ་རྣམ་པའི་བཞེད་ཚུལ་འགའ་ཞིག་ཕྱོགས་བསྒྲིགས་བྱས་ཏེ་ཕུལ་ཡོད། གཤམ་གསལ་གྱི་ལུང་དང་མཁས་པ་ཚང་མས་བདག་ཅག་གི་སྟོན་པ་སངས་རྒྱས་ཚེས་བཅོ་ལྔ་དང་། སྐར་མ་རྒྱལ་ལ་འཁྲུངས་པ་གསུངས་ཡོད་ཅིང་། ཚེས་བཅོ་ལྔ་ལ་སྐར་མ་རྒྱལ་ཁེལ་བ་ནི་ཧོར་ཟླ་བཅུ་གཉིས་པ་འདི་ཡིན་པས་འདི་ལ་རྒྱལ་ཟླ་བ་འབོད་དོན་ཡང་ཉ་སྐར་རྒྱལ་ལ་ཁེལ་བའི་རྒྱུ་མཚན་གྱིས་ཡིན། ཧོར་ཟླ་དང་པོ་ལ་བྱས་ན་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ལ་རྒྱལ་ཕུར་འཛོམས་པ་མི་སྲིད་པས་མཛད་མདོ་རྒྱས་འབྲིང་གཉིས་ཀ་ལས་ཚེས་བཅོ་ལྔ་རྒྱལ་གྱི་ནམ་ལངས་ལ་འཁྲུངས་གསུངས་པ་དང་། ཀུན་མཁྱེན་ཉི་མའི་བསྟན་རྩིས་ལས། དཔྱིད་ར་མེ་སྟག་ཟླ་ཚེས་ཀྱི། རྒྱལ་ཕུར་འཛོམས་པའི་ནམ་ལངས་ལ་འཁྲུངས་གསུངས་པ་དང་མི་མཐུན་པའི་ཚུལ་མཁས་དབང་རྣམ་པའི་གསུང་ལས་ཤེས་ནུས།
༡༽མཛད་མདོ་འབྲིང་པོ་གཟེར་མིག་ལས་གསུངས་པ།
ལོའི་འགོ་བོ་བྱི་བ་ལ་དགོངས་ནས་གཤེགས་པ་ནི། འཇིག་རྟེན་གྱི་ཁམས་སུ་མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པས། ནན་ཏན་གྱིས་སེམས་ཅན་འདུལ་ཞིང༌། ཞིབ་ཏིག་གིས་བསྟན་པ་སྤེལ་བ་ལགས་སོ། །ཟླ་བའི་འགོ་བོ་དཔྱིད་ཟླ་ར་བ་ལ་དགོངས་ནས་གཤེགས་པ་ནི། ཟླ་བ་བཅུ་གཉིས་ཀྱི་འགོ་དཔྱིད་ཟླ་ར་བ་ལ་དགོངས་ནས་བྱོན་པ་ལགས་སོ། །ཞག་གི་སྙིང་པོ་ཚེས་བཅོ་ལྔ་ལ་གཤེགས་པ་ནི། སྔོན་གྱི་སྟོན་པ་རྣམས་གཤེགས་པའི་དུས་ཁྱད་པར་ཅན་གྱི་རྗེས་དང༌། ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པས་གཤེགས་པའོ། །སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་གཤེགས་པ་ནི། བདུད་ལྔ་དབང་དུ་བསྡུས་ཏེ་རྒྱལ་བ་དང༌། འཇིག་རྟེན་ཟིལ་གྱིས་གནོན་ཏེ་རྒྱལ་བའི་ཕྱིར་རོ། །ཞེས་སོ།། །།
༢༽མཛད་མདོ་འབྲིང་པོ་གཟེར་མིག་ལས་གསུངས་པ།
དཔྱིད་ཟླ་ར་བ་གང་ལ་ངོས་བཟུང་དགོས་པ་ནི། དེ་ཉིད་ལས། དཔྱིད་ཟླ་ར་བའི་བཅུ་བཞི་ལ། སྐར་མ་དབང་བསྒྱུར་ལག་དུས་སུ། ས་བཟུང་ཀུན་ཀ་དེ་རུ་འཚོགས། དེ་ལ་ཀོང་ཙེས་ལན་གསོལ་པ། གཏོ་བུ་འབུམ་སངས་མཁས་པའི་མཆོག ཤིན་ཏུ་རྩུབ་པའི་བཤའ་ལག་ལ། ཞི་རྒྱས་མཆོད་པ་ཅང་རུང་ངམ། དྲག་པོས་སྲིན་པོ་བསྒྲལ་བའི་དུས་ལགས་ན། གཏོ་བུའི་ཐུགས་ལ་འཁྲུལ་བ་ཅང་སྲིད་དམ། དེ་སྐད་ཅེས་ཀོང་ཙེས་གསོལ་པས། དེ་ལ་ཡང་གཏོ་བུས་གསུངས་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། དབང་སྒྱུར་ལག་འདི་བསྔགས་པ་ཡིན། བཟང་ཡང་དབང་སྒྱུར་ལག་གིས་བཅོས་ཏེ། ཡང་ཡང་མང་པོ་བཤའ་བ་ཡིན་ཏེ་ཟློས། ངན་ཀྱང་དབང་བསྒྱུར་ལག་གིས་བཅོས་ཏེ། ཡང་ཡང་མང་པོར་བཤའ་བ་ཡིན་ཏེ་ཟློས། དེ་ཕྱིར་ལག་འདི་བཟང་ལ་ཡང་ཡང་ཟློས་ཏེ་འོང་བས་བསྔགས་པ་ཡིན། དེ་སྐད་ཅེས་གཏོ་བུས་གསུངས་པས་ཀུན་ཀྱང་རྟོག་པ་ཚིམ། དེ་རིང་བཅུ་བཞིའི་གདུགས་ལ་གཞི་བཟུང་ཡོ་བྱད་གསོག ནངས་པར་བཅོ་ལྔ་རྒྱལ་ལ་མཆོད་སྦྱིན་རྒྱས་པར་འབུལ་བར་གཅད། ཅེས་དཔྱིད་ཟླ་ར་བ་ངོས་འཛིན་མཛད་པ་དང་།
༣༽མཛད་མདོ་རྒྱས་པ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་གསུངས་པ།
ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས། ཞེས་གསལ།
༤༽ཀུན་འབུམ་ཁྲ་བོ་ལས་གསུངས་པ།
ལོ་ལ་དགོང་པ་བྱི་བ་སྟེ། མཛད་པ་དྲུག་ཅུ་མཐར་ཕྱིན་འགྱུར། ཟླ་བ་དཔྱིད་ཟླ་ར་བའི། ཟླ་བཅས་བདུད་དཔུང་འདུལ་བར་བྱེད། སྐར་མའི་དམ་པ་རྒྱལ་གྱིས་ནི། བདུད་ལྔ་དབང་དུ་སྡུད་པར་ངེས། ཞེས་སྟོན་པ་རྒྱལ་ཟླར་འཁྲུངས་པར་བསྟན།
༥༽རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས་གསུངས་པ།
རྒྱུད་ཉི་སྒྲོན་ལས། ལོ་ཡི་འགོ་བྱི་བ་ལ་དགོངས་ནས། ནན་ཏན་གྱིས་སེམས་ཅན་འདུལ་ཞིང་། ཞིབ་ཏིག་གིས་བསྟན་པ་སྤེལ་བ་དང་། ཟླ་བའི་འགོ་དཔྱིད་ཟླ་ར་བ་དགོངས་པས། མཛད་པ་བཅུ་གཉིས་ཀྱིས་དོན་མཐར་ཕྱིན་པ་དང་། ཞག་གི་སྙིང་པོ་ཚེས་བཅོ་ལྔ་ལ་དགོངས་པས། སྔར་གྱི་སྟོན་པ་རྣམས་གཤེགས་དུས་ཁྱད་པར་ཅན་ཡིན་པ་དང་། ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པའོ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་དགོངས་པ་ནི། བདུད་ལྔ་དབང་དུ་བསྡུ་ཞིང་རྒྱལ་བ་དང་། འཇིག་རྟེན་ཟིན་གྱིས་མནོན་པའི་ཕྱིར་རོ། དུས་ཚོད་ཀྱི་དང་པོ་ནམ་ལངས་ཡོས་བུ་ལ་དགོངས་པ་ནི། ནམ་ལངས་པའི་རྟིང་ཉི་མ་ཤར་ནས་འོང་བ་དང་འདྲ་སྟེ། སྟོན་པའི་སྒྲོན་མ་བྱོན་པའི་རྟིང་ལ། སྤྲུལ་སྐུ་བྱེ་བ་འབུམ་ཕྲག་མང་པོ་བྱོན་ནས་འདྲེན་པའི་ཕྱིར་རོ། །ཞེས་སྟོན་པ་འཁྲུངས་པའི་དུས་རྒྱལ་ཟླ་བར་བཞེད་པ་དང་།
༦༽དྲང་དོན་མུན་སེལ་སྒྲོན་མའི་གཤེན་རབ་མཛད་པ་མཐར་ཕྱུང་གི་གཟེར་བུ་ལས་གསུངས་པ།
དེ་ཡང་ལོའི་དང་པོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ། ཞག་གི་དང་པོ་ཚེས་བཅོ་ལྔ། སྐར་མའི་དང་པོ་རྒྱལ་གྱི་རུ་གོང་། དུས་ཚོད་ཀྱི་དང་པོ་ནམ་ལངས་པ་ལ་སྐྱེ་བ་བཞེས་པ་སྟེ། ཞེས་གསུངས། དྲང་དོན་མུན་སེལ་སྒྲོན་མའི་ཚོགས་འགྱུར་ནང་ལོ་བྱི་བ། ཟླ་བ་རྟ་པ་ཞེས་གསལ་བ་འདི་གཤེན་རབ་མཛད་པ་མཐར་ཕྱུང་གི་གཟེར་བུ་འདི་དང་མི་འགྲིགས་པས་དཔེ་ཆ་གཅིག་གི་འགོ་མཇུག་ལ་ནང་འགལ་ལྟ་བུ་གྱུར་པ་འདི་ཡིག་ནོར་རམ། ཡང་ན་ལྷད་བཅུག་པ་ལས་མ་འདས་ཏེ། དྲང་དོན་འགྲེལ་བ་བྲུ་རྒྱལ་བ་གཡུང་དྲུང་ཅན་ནང་དུ་ཚོགས་འགྱུར་གྱི་སྐབས་སུ་འཁྲུངས་པའི་དུས་ལོ་བྱི་བ། ཟླ་བའི་སྙིང་པོ་ཚེས་བཅོ་ལྔ་ཞེས་པ་ཙམ་ལས་མ་གསལ་བ་འདི་ཡིས་ཤེས་ནུས་སོ། །
༧༽མན་ངག་གནད་ཀྱི་རྫོང་འཕྲང་ལས།
ཡང་ཁྱད་ནི། སྟོན་པ་གཤེན་རབ་སྐུ་འཁྲུངས་པའི་དུས་ཏེ། ལོ་ཤིང་ཕོ་བྱི་བ། ཟླ་བ་སྔགས་པས་རྒུན་ཐ་ཆུང་། རྒྱ་རྩིས་ཀྱི་དཔྱིད་ར་བ། ཚེས་བཅོ་ལྔའོ། །སྐར་མ་རྒྱལ། དུས་ཚོད་ནམ་ལངས་པའོ། །སྔགས་པས་སྟོན་འབྲིང་པོ། རྒྱ་རྩིས་པས་ཐ་ཅུང་གི་ཚེས་བརྒྱད་ལ། བསྟན་པ་བཞག་པ་དང་གདུང་སོབ་མུ་ཆོ་བྱོན་པའི་དུས་སོ། །སྔགས་པས་སྟོན་ཐ་ཆུང་། རྒྱ་རྩིས་ཀྱི་རྒུན་ཟླ་ར་བའི་གནམ་སྟོང་ལ་མྱ་ངན་ལས་འདས་པའི་དུས་ཏེ། དེ་རྣམས་ལ་དགེ་བ་ཅི་བྱས་འབུམ་དུ་འགྲོའོ། །ཞེས་གསལ། (རྒྱ་རྩིས་ལ་ཧོར་ཟླ་༡༡།༡༢།༡བཅས་ལོ་འགོར་བཞེད་པའི་ལུགས་མི་འདྲ་བ་གསུམ་ཡོད་པ་ལས་འདི་ནི་ཧོར་ཟླ་བཅུ་གཉིས་པ་དཔྱིད་རར་འདོད་པའི་ལུགས་ཏེ་ཚེས་བཅོ་ལྔ་ལ་སྐར་མ་རྒྱལ་གསུངས་པས་སོ།།)
༨༽གཏེར་སྟོན་བྲ་བོ་སྒོམ་ཉག་གིས་རྒྱལ་ཟླ་ལོ་སར་གྱི་ཟླ་བར་གསུངས་པ།
རྒྱལ་ཟླ་བ་འདི་ལོ་གསར་གྱི་ཟླ་བ་ཡིན་པའི་སྐོར་ནི། དེ་ཉིད་ལས། སྦྲུལ་ལོའིི་ལོ་གསར་རྒྱལ་ཉའི་ནུབ་མོ་ལ། མཁའ་འགྲོ་མ་ལུས་རིད་པ། གཅེར་བུ་རུས་པའི་རྒྱན་ཅན་གཅིག་གིས། བསེ་ཡི་སྒྲོམ་བུ་གཅིག་ལ་ཉི་ཟླའི་རིས་བྱས་པ། གཡུ་དམར་གྱི་འབུར་བ་ཅིག་གཏད་པའི་ནང་ནས། གཏིང་ཟློག་མ་བུ་ཚང་པ་བྱུང། ཁྱོད་ཀྱིས་གཅིག་རྒྱུད་དུ་ཟུང་ཅིག་བུ་ལ་བྱིན། བུ་དེས་གཞན་ལ་དཀོན་དཀོན་སྤེལ། གསུམ་ལ་སྤེལ་པའི་བཀའ་རྒྱ་ཁྲོལ། དེ་སྐད་གསུངས་ནས་མི་སྣང་ངོ་། །ཉི་སྒྲོན་ལས་སོ།།
༩༽མདོ་ཁམས་ཀྱི་མཁས་དབང་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་ཞལ་ནས།
དེ་ནས་བླ་ན་མེད་པའི་ས་ནོན་ནས་ཚེ་ལོ་བརྒྱ་པའི་སྟོན་པར་བྱོན་ཏེ། དགོངས་ཚད་རྣམ་པ་ལྔ་དང་ལྡན་ནས། ལོ་ཤིང་ཕོ་བྱི་བ། ཟླ་བ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ། སྐར་མ་རྒྱལ། དུས་ཚོད་ནམ་ལངས་པ་ལ་འཁྲུངས་པས། ལོ་གསར་དཔྱིད་ཟླ་ར་བ་རྒྱལ་གྱི་ཉ་ལ་བྱེད་པའི་གཏན་ཚིགས་ཀྱང་དེའོ། །ཞེས་གླེང་གཞི་བསྟན་པའི་བྱུང་ཁུངས་ལས་གསལ།
༡༠༽མདོ་ཁམས་ཀྱི་མཁས་དབང་སྟག་ཚ་བླ་མ་རྒྱལ་མཚན་གྱི་ཞལ་ནས།
དགོངས་ཚད་ལྔ་ནི། ལོའི་འགོ་བོ་བྱི་བ་ལ་དགོངས་པ་དང་། ཟླ་བའི་འགོ་བོ་དཔྱིད་ཟླ་ར་བ་དང་། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དང་། ཞག་གི་སྙིང་པོ་༼ཚེས་༽བཅོ་ལྔ་དང ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ་ལ་དགོངས་པའོ།། ཞེས་ཡོངས་རྩེའི་འགྲེལ་བ་ལས་གསལ།།
༡༡༽གཤེན་གྱི་མཁས་གྲུབ་ཆེན་པོ་ཤྲི་ལ་དྷ་ཛས་གསུངས་པ།
རྒྱལ་ཟླ་དཔྱིད་ར་བར་འདོད་དགོས་པའི་སྐོར་ནི། ནག་རྩིས་པ་ནི་ཕལ་ཆེར་དང་། །འཁྲུལ་བྲལ་གཟེར་མིག་མདོ་སོགས་དང་། །ཧོར་ལུགས་ཁུངས་གཙང་སོགས་མཐུན་པར། །རྒྱལ་གྱི་ཟླ་བ་དཔྱིད་རར་འདོད། །ཟླ་བའི་འགོ་ནི་དཔྱིད་ར་སྟག །ཞག་གི་འགོ་ནི་ཚེས་པ་གཅིག །དུས་ཚོད་འགོ་ནི་ནམ་ལངས་ཡོས།། རྒྱལ་ཟླ་སྟག་ལ་རྟ་ཟླ་ཡོས། །དེ་བཞིན་འབྲུག་སྦྲུལ་རྟ་ལུག་སོགས། །ཟླ་བ་བཅུ་གཉིས་སྦྱར་ལ་བརྩི། །ཞེས་གཤེན་གྱི་རྩིས་གསར་རྣམ་དག་གི་སྔོན་འགྲོའི་ལེའུ་ལས་གསལ།
༡༢༽མདོ་སྨད་ཀྱི་མཁས་དབང་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་ཞལ་ནས།
དགེ་སྡིག་གི་འགྱུར་རྩིས་གསལ་བྱེད་འཕྲུལ་གྱི་མེ་ལོང་ལས། ཧོར་ཟླ་བཅུ་གཉིས་པ་ཡི་ཉ་འདི་ལ། རྒྱལ་བ་སྐུ་བལྟམས་ཨུ་དུམ་ཝ་ར་བཞད་པ། ཆོས་ཀྱི་ལུགས་ལ་དེ་ལྟར་མི་འདོད་མོད། འོ་ཅག་བོན་གྱི་དེ་བཞིན་ཡིན་པར་ངེས། ཞེས་དང་། ཡང་ཁྱད་འགྱུར་གྱི་སངས་རྒྱས་འཁྲུངས་འདས་ནི། ཤིང་ཕོ་བྱི་བ་སྟག་ཟླའི་བཅོ་ལྔ་ཡི། སྐར་མ་རྒྱལ་གྱི་རུ་གོང་ནམ་ལངས་དུས། སྟོན་པ་གཤེན་རབ་མི་བོ་འཁྲུངས་པ་སྟེ། དེ་ལ་སྟག་ཟླའི་ངོས་འཛིན་མི་མཐུན་པ། ཡོད་ཀྱང་རྒྱ་རྩིས་པའམ་ནག་རྩིས་པས། རྒྱལ་ཉ་ཧོར་ཟླ་བཅུ་གཉིས་པར་འདོད་དོ། །མྱ་ངན་འདས་པ་ཆུ་ལུག་དགུན་ར་བའི། གནམ་གང་ཡིན་པ་བློ་གྲོས་༼ཁྱུང་པོ་༽རྒྱལ་མཚན་བཞེད། ཀུན་གྲོལ་གྲགས་པའི་ཆུ་གླང་དགུན་ར་སྟེ། ལོ་མི་མཐུན་ཀྱང་ཟླ་ཚེས་མཐུན་པར་སྣང་། འདི་ལུགས་དགུན་ཟླ་ར་བ་ཞེས་པ་དེ། ཧོར་ཟླ་དགུ་པའི་གནམ་སྟོང་བདག་གིས་འདོད། །དེ་དག་དུས་སུ་བྱེ་བ་ཁྲི་འགྱུར་རེ། ཡོད་པ་རྫོགས་པ་ཆེན་པོའི་ལུང་ལས་གསུངས། འབུམ་འགྱུར་ཡོད་པ་འགྱུར་རྩིས་ལས་ཀྱང་གསལ། ཞེས་གསལ།
༡༣༽སྨན་རིའི་མཁན་ཆེན་ཀུན་བཟང་རྒྱལ་མཚན་གྱི་ཞལ་ནས།
གཉིས་པ་ནི་ལོའི་དང་པོ་བྱི་བ་ལ་དགོངས་པ་ནི། ཞིབ་ཏིག་དང་ནན་ཏན་གྱི་འགྲོ་དོན་མཛད་པ་དང་། ཟླ་བའི་དང་པོ་དཔྱིད་ཟླ་ར་བ་ལ་དགོངས་པ་ནི། མཛད་པ་བཅུ་གཉིས་ཀྱི་འཕྲིན་ལས་མཐར་ཕྱིན་པ་དང་། ཚེས་བཅོ་ལྔ་ལ་དགོངས་པ་ནི། ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པ་དང་། སྐར་མ་རྒྱལ་ལ་དགོངས་པ་ནི། བདུད་ལྔ་དབང་དུ་བསྡུད་པ་དང་། དུས་ཚོད་ནམ་ལངས་ལ་དགོངས་པ་ནི། ནམ་ལངས་པའི་རྗེས་ལ་ཉི་མ་ཤར་ནས་འོང་བ་ལྟར། སྟོན་པའི་རྒྱལ་ཐེབས་རྒྱུན་མི་འཆད་པར་འབྱོན་པ་དགོངས་པའོ། །ཞེས་སོ།། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ལེགས་བཤད་གསལ་བའི་སྒྲོན་མ་ནམ་མཁའི་ནོར་བུ་ཞེས་པ་ལས་གསལ།
༡༤༽མདོ་ཁམས་ཀྱི་མཁས་དབང་ལྕང་ལུང་སྤྲུལ་སྐུ་གཡུང་དྲུང་བསྟན་རྒྱལ་གྱི་ཞལ་ནས།
གཡུང་དྲུང་གསང་རྒྱུད་དྲུག་གི་དོན་གྱི་འགྲེལ་བ་ཡིད་བཞིན་གཏེར་མཛོད་ཅེས་བྱ་བ་༩༢ལས། དང་པོ་སྐྱེ་བ་བཞེས་པའི་མཛད་པ་ནི། དགའ་ལྡན་ནས་གཟིགས་དགོངས་རྣམ་པ་བཅུས་རྟག་གཟིགས་འོལ་མོ་གླིང་། བར་པོ་སོ་བརྒྱད་དུ་དམུ་རིགས་རྒྱལ་པོའི་སྲས་སུ། ཤིང་ཕོ་བྱི་བའི་རྒྱལ་ཟླའི་ཉ་ལ་སྐུ་བལྟམས་ནས། གཞན་ལས་ཁྱད་པར་ཆེ་བའི་རྫུ་འཕྲུལ་བསྟན་པ་དང་། ཞེས་དང་།
༡༥༽མདོ་ཁམས་ཀྱི་མཁས་དབང་ཀུན་མཁྱེན་ཤར་རྫ་པས་གསུངས་པ།
ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བའི་ལོ། ཟླ་བའི་དང་པོ་དཔྱིད་ར་མེ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས། ཞེས་ལེགས་བཤད་མཛོད་ལས་གསལ།
༡༦༽ཀླུ་བྲག་དགོན་པའི་༼མ་ཡིག་༽ལས།
བདུན་༼བདུད་༽སྲིན་བྲེས་སུ་བཀོར་༼བྲན་དུ་བཀོལ་༽བའི་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་ཞེས་བྱ་བའི་སྡེན་༼གདན་༽ས། ཡོངས་དགོན་བསམ་རྟེན་༼གཏན་༽གླིང་གི་དགུ་སྟོར་༼གཏོར་༽ཆེན་མོ་བཞུགས། ཧོར་ཟླ་བཅུ་གཉིས་པ་གཤེན་རབ་འཁྲུངས་མཆོད། ཅེས་གསལ། ཀླུ་བྲག་དགོན་པའི་མདོས་རྒྱབ་ཆོ་ག་ལས་འཕྲོས་པའི་བོན་གྱི་ཆོ་གའི་ཁྲོད་དུ་གནས་པའི་འཇིག་རྟེན་པའི་བྱ་སྤྱོད་ལ་དཔྱད་པ། ཞེས་པའི་ནང་དུ་མ་ཡིག་ཅེས་པ་ལས་དྲངས་འདུག
༡༧༽མདོ་ཁམས་ཀྱི་མཁས་དབང་ཀུན་གྲོལ་འཇའ་ཚོན་སྙིང་པོས་གསུངས་པ།
ལོ་ཡི་འགོ་བོ་ཤིང་ཕོ་བྱི་བ་ལ་དགོངས། ཟླ་བའི་དང་པོ་དཔྱིད་ཟླ་ར་བ་སྟག་ལ་དགོངས། སྐར་མའི་དམ་པ་རྒྱལ་ལ་དགོངས། ཞག་གི་སྙིང་པོ་ཚེས་བཅོ་ལྔ་ལ་དགོངས། དུས་ཚོད་ཀྱི་དང་པོ་ནམ་ལངས་པ་སྟེ་དུས་ཁྱད་པར་ཅན་ལ་དགོངས་ནས་བལྟམས་ཏེ། ཞེས་གཤེན་རབ་ཀྱི་མཛད་པ་བཅུ་གཉིས་ཀྱི་རྣམ་བཤད་ལས་གསལ།
༡༨༽མདོ་སྨད་ཀྱི་མཁས་དབང་རྩེ་ཞིག་རྒྱལ་བ་ཚུལ་ཁྲིམས་ཀྱིས་གསུངས་པ།
ལོའི་འགོ་བོ་ཤིང་ཕོ་བྱི་བ་ལ་དགོངས། ཟླ་བའི་དང་པོ་སྟག ཞག་གི་དང་༼སྙིང་༽པོ་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས། སྐར་མའི་དང་པོ་རྒྱལ་གྱི་རུ་གོང་ལ་དགོངས་ནས་བྱོན་ནོ། །ཞེས་གསང་གཅོད་ཡིད་བཞིན་ནོར་བུའི་དམིགས་ཁྲིད་རིག་འཛིན་ཞལ་ལུང་བདུད་རྩིའི་ཐིགས་པ་ལས་གསལ།
༡༩༽གཡུང་དྲུང་གླིང་གི་སློབ་དཔོན་མཁས་གྲུབ་ལུང་རྟོགས་རྒྱ་མཚོས་གསུངས་པ།
དེ་ནས་ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ་ལ་དགོངས། ཟླ་བའི་རྒྱལ་པོ་དཔྱིད་ར་སྟག སྐར་མའི་དང་པོ་རྒྱལ། ཞག་གི་སྙིང་པོ་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་ལ་དགོངས་ཏེ། བག་ཆགས་ཀྱི་དྲི་མས་མ་གོས་པར་ཡུམ་གྱི་གློ་དཀར་གཡས་ནས་བལྟམས། ཞེས་བསྟན་འབྱུང་ཀེ་ཏ་ཀའི་དོ་ཤལ་ལས་གསལ།
༢༠༽མདོ་སྨད་ཀྱི་མཁས་དབང་ཁྲི་ཀ་བ་ཀུན་བཟང་རྒྱལ་མཚན་གྱིས་གསུངས་པ།
དེ་ནས་དམུ་རིགས་གཤེན་ལྷའི་གདུང་གི་རྒྱུད། །རྒྱལ་བོན་ཐོད་དཀར་ཡབ་ཀྱི་སྟ་ལ་བརྒྱུད། །ཡོ་ཕྱི་རྒྱལ་བཞད་ཡུམ་གྱི་སྐུ་ལ་བརྟེན། །ཟླ་དགུ་ངོ་བཅུར་འབྱུང་བཞིས་བསྐྱེད་ཚུལ་བསྟན། །ལོ་རྒྱལ་ཤིང་ཕོ་བྱི་བ་དཔྱིད་ར་སྟག །བཅོ་ལྔའི་ནམ་ལངས་རྒྱལ་གྱི་རུ་གོང་ལ། འབྱུང་བཞིའི་ལྷ་མོས་འབྱུང་བའི་སྦུབ་ཕྱེས་ཏེ། ལྷ་མོ་རྒྱལ་བཞད་ཡུམ་གྱི་གློ་སྐར་ནས། །འགྲོ་བ་རང་མཐུན་ཆ་ལུགས་ཚུལ་དུ་བལྟམས།། ཞེས་བརྡ་སྦྱོར་རིན་ཆེན་གཏེར་ཁྱིམ་ལས་གསལ།