༄༅།།སྟག་ལྷ་ཉི་ཟླ་གོ་ཞུའི་སྐྱབས་འགྲོ་དང་བརྒྱུད་པའི་གསོལ་འདེབས་བཞུགས་སོ།
རང་གི་མདུན་གྱི་བར་སྣང་ལ་སེང་གླང་རྟ་འབྲུག་གི་ཁྲི་དང་། ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ། དྲིན་ཅན་རྩ་བའི་བླ་མ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་སུ་བཞུགས་པ། དེའི་སྤྱི་གཙུག་ནས་ཡར་ལ་ཉི་ཟླ་གོ་ཞུ་བརྒྱུད་པའི་བླ་མ་རྣམས་སྟོན་པ་སྟག་ལ་མེ་འབར་ལ་ཐུག་གི་བར་དུ་མཐོ་བརྩེགས་སུ་བཞུགས་པ། རྩ་བའི་བླ་མ་ལ་ཡི་དམ་ཞི་ཁྲོ་མ་སྲིང་མཁའ་འགྲོ་དཔོན་གསས་རིག་འཛིན་དངོས་དང་བརྒྱུད་པའི་བླ་མ་དཀོན་མཆོག་རིན་ཆེན་རྣམ་གསུམ་བཀའ་སྐྱོང་སྲུང་མ་དང་བཅས་པ་རྣམས་ཀྱིས་བསྐོར་ནས་བཞུགས་པར་གསལ་གདབ། འོད་ཟེར་ཡར་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམས། གཉིས་མེད་ལས་ཀྱི་སེམས་དཔའ་རུ་གྱུར་ནས་འགྲོ་དོན་རྒྱ་ལག་ཕྱད་པར་བསམ། སྐྱབས་ཡུལ་དེ་རྣམས་ཀྱི་སྤྱན་སྔར། བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། དུས་འདི་ནས་བཟུང་སྟེ་རྫོགས་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ། སྐུ་གསུམ་འབྱུང་གནས་དཔོན་གསས་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། འགྲོ་བའི་མགོན་སྐྱབས་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་སྐྱབས་མཆིའོ། བསྟན་པའི་རྒྱལ་མཚན་སྐུ་གདུང་གསུང་རབ་རྣམས་ལ་སྐྱབས་སུ་མཆིའོ། འགྲོ་བའི་འདྲེན་སྟོན་ཕྱོགས་བཅུའི་གཤེན་རབ་རྣབས་ལ་སྐྱབས་སུ་མཆིའོ། སྟག་ལ་མེ་འབར་ལ་སོགས་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། ཡེ་ཤེས་དབལ་མོ་ལ་སོགས་མ་སྲིང་མཁའ་འགྲོ་བཀའ་སྐྱོང་སྲུང་མ་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའང་རང་ཤར་རིག་གྲོལ་རྩལ་གྱིས་བྲིས་པའོ།།དེ་ནས་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་གདབ་པ་ནི། ཨེ་མ་ཧོ། སྟོན་པ་སྟག་ལ་མེ་འབར་ལ་གསོལ་བ་འདེབས། །བླ་ཆེན་དྲན་པ་ནམ་མཁའ་ལ་གསོལ་བ་འདེབས། །དཔོན་གསས་ཁྱུང་རྒོད་རྩལ་ལ་གསོལ་བ་འདེབས། སྤ་རྒྱལ་བ་ཤེས་རབ་ལ་གསོལ་བ་འདེབས། །སྤ་དོན་འགྲུབ་འབུམ་པ་ལ་གསོལ་བ་འདེབས། །སྤ་དཔལ་ལྡན་བཟང་པོ་ལ་གསོལ་བ་འདེབས། །སྤ་ཉི་དཔལ་བཟང་པོ་ལ་གསོལ་བ་འདེབས། །སྤ་ཟླ་རྒྱལ་བཟང་པོ་ལ་གསོལ་བ་འདེབས། །སྤ་བསྟན་རྒྱལ་བཟང་པོ་ལ་གསོལ་བ་འདེབས། །སྤ་སྟོབས་ཆེན་བཟང་པོ་ལ་གསོལ་བ་འདེབས། །སྤ་དཔལ་མཆོག་བཟང་པོ་ལ་གསོལ་བ་འདེབས། །སྤ་རྒྱལ་བ་ལྷུན་འགྲུབ་དཔལ་བཟང་ལ་གསོལ་བ་འདེབས། །དྲང་སྲོང་བློ་གྲོས་རྒྱལ་མཚན་ལ་གསོལ་བ་འདེབས། །སློབ་དཔོན་བསོད་ནམས་བློ་གྲོས་ལ་གསོལ་བ་འདེབས། །གཡུང་དྲུང་ཀུན་དགའ་དབང་ཆེན་ལ་གསོལ་བ་འདེབས། །ཞུ་ཡང་རྣམ་རྒྱལ་གྲགས་པ་ལ་གསོལ་བ་འདེབས། །ཞུ་བསྟན་འཛིན་ཉི་མ་ཚུལ་ཁྲིམས་རྒྱལ་བོ་ལ་གསོལ་བ་འདེབས། །ཏྲེ་སྟོན་ཕུན་ཚོགས་གྲགས་པ་ལ་གསོལ་བ་འདེབས། །ཏྲེ་སྟོན་བཙུན་བསྟན་པ་རྒྱལ་མཚན་ལ་གསོལ་བ་འདེབས། །སློབ་དཔོན་གཡུང་དྲུང་ཚུལ་ཁྲིམས་ལ་གསོལ་བ་འདེབས། །གྲུབ་ཆེན་རིན་ཆེན་འོད་ཟེར་ལ་གསོལ་བ་འདེབས། །ཕྱི་དར་བརྒྱུད་པའི་དཔོན་གསས་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །དཔོན་གསས་རིག་འཛིན་ལྷ་ཚོགས་ལ་གསོལ་བ་འདེབས། །མ་སྲིང་མཁའ་འགྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །གཏེར་སྲུང་བཀའ་སྡོད་སྲུང་མ་ལ་གསོལ་བ་འདེབས། །མི་མངོན་དབྱིངས་ནས་ཐུགས་རྗེས་འོད་ཕྱུངས་ལ། །སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །ལུས་ལ་བདེ་དྲོག་འབར་བར་བྱིན་གྱིས་རློབས། །ངག་ལ་ནུས་པ་འབར་བར་བྱིན་གྱིས་རློབས། །སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་རློབས། །ལྷ་སྲིན་དབང་དུ་སྡུད་པར་བྱིན་གྱིས་རློབས། །སྡེ་བརྒྱད་བྲན་དུ་འཁོད་བར་བྱིན་གྱིས་རློབས། །སྐུ་གསུམ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །འགྲོ་དོན་དཔག་མེད་ནུས་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབས་པའི་བྱིན་རླབས་ཀྱིས་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་ཨ་ༀཱ་ཧཾཱུ་འབྲུ་གསུམ་ལས་ཡེ་ཤེས་ཀྱི་འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་འཕྲོས་ནས། རང་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ། ལྷ་ཚོགས་རྣམས་འོད་དུ་ཞི་སྟེ་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་གདན་ཁྲི་དང་བཅས་པ་འོད་དུ་ཞུ་སྟེ་བདག་ལ་ཐིམ་པས། བདག་གི་ལུས་ངག་ཡིད་གསུམ་བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་པར་གྱུར། ཅེས་ཐུགས་ཡིད་བསྲེས་ལ་དམིགས་མེད་བློ་འདས་སུ་བཞག་གོ །ཞེས་པའང་མཁས་གྲུབ་གོང་མའི་བཀའ་བཞིན་བཀོད་པའོ།
༄༅།།སྟག་ལྷ་ཉི་ཟླ་གོ་ཞུའི་སྲུང་ཟློག་བསྡུས་པ་མན་ངག་ཀུན་གྱི་རྒྱལ་བོ་བཞུགས་སོ།།
སྟག་ལ་མེ་འབར་སྐུ་ལ་ཕྱག་འཚལ་ལོ། །བདག་འདྲ་ཕུང་བོན་མགོ་དམར་གྱིས། །དབལ་བོན་སྟག་ལ་མེ་འབར་ལ། །གཅེས་པའི་ལྷ་ནོར་བཅུ་གསུམ་ཕུལ། །དབལ་བོན་སྟག་ལ་མེ་འབར་གྱིས། །སྲུང་སྔགས་རྒྱལ་བོ་ཞུས་པ་གནང། །ཕྱི་རབས་བསྟན་སྲུང་བཅས་སུ་བཞག །འདི་ལ་ཕྱི་ནང་གསང་གསུམ་ཡོད། །ཕྱི་མི་འཇིག་སྲུང་བ་དང་གཅིག ནང་སྟག་ལ་མེ་འབར་གྱི་ཉི་ཟླ་གོ་ཞུ་ཅན་ནང་སྲུང་བ་དང་གཉིས། །གསང་བ་སྲོག་གི་སྤུ་གྲི་དང་གསུམ། སྙིང་དང་འདྲ་སྟེ་བདག་ལ་གནང་། །ཕྱི་རབས་ལྔ་བརྒྱའི་ཐ་མ་ལ། །བན་བཙུན་ནང་དམེ་འཁྲུག་པར་བྱེད། །བསྟན་པ་བཤིགས་པའི་མི་དགེ་དར། །ལས་ངན་སྡིག་པ་ཟ་བའི་དུས། །བསྟན་པ་ནང་འཐབ་སྔགས་ནུས་འགྲན། །འདི་ཉིད་དང་དུ་ལེན་དགོས་པས། །ཕྱི་རབས་གཤེན་བོན་ཡིད་ལ་ཞོག །འདི་ཡི་ཡོན་ཏན་བྱད་ཁ་སྟོང་ཡང་རྡུག །དེའི་ཕྱིར་བྱད་ཁ་སྟོང་རྡུག་ཡིན། །ཟློག་པ་དང་ནི་སྲུང་བའི་མཆོག །དེའི་ཕྱིར་སྲུང་བ་ཉི་ཟླ་གོ་ཞུ་ཡིན། །སྲུང་བ་གཞན་གྱི་ཁ་རྒྱང་འགྲུབ་ཐག་རིང་། །འདི་ནི་ཚེགས་ཆུང་དོན་ཆེ་འབྲས་བུ་མྱུར། །དཔེར་ན་སྲང་ཁའི་རྡོ་དང་འདྲ། །དགོས་དུས་དྲན་པ་ཙམ་གྱིས་ཀྱང་། །རང་ཉིད་བཙན་པའི་མཁར་དུ་ཚུད། །ཕ་རོལ་བྱད་མ་སྟོང་ཡོད་ཀྱང་། །སུས་ཀྱང་གནོད་པས་མི་ཚུགས་ཏེ། །དཔེར་ན་རལ་གྲིའི་སོ་དང་འདྲ། །དེ་ཕྱིར་སྲུང་བའི་རྒྱལ་བོ་ཡིན། །བྱད་མ་རྦོད་གཏོང་ལྷ་འདྲེ་དང་། །དམོད་པའི་རིགས་བྱད་ཐམས་ཅད་ཟློག །ས་ཆུའི་འོབ་ཁ་བསྒྱུར་བ་འདྲ། །ཟློག་པ་ཀུན་གྱི་རྒྱལ་བོ་ཡིན། །དེ་ཕྱིར་སྟག་ལ་མེ་འབར་གྱི་སྲུང་བ་ཡིན། དེ་ཕན་ཆད་ཡོན་ཏན་གྱི་ལོ་རྒྱུས་བསྟན་པའོ། །ཕྱི་རབས་ལས་འཕྲོ་ཅན་དང་འཕྲད་པར་ཤོག །བོན་གྱི་བསྟན་པ་སྲུང་བར་ཤོག །ཨ་ཡ། ཨག་ཐམ། སྨྲ་རོ།། ༈དབལ་བོན་སྟག་ལ་མེ་འབར་ལ་ཕྱག་འཚལ་ལོ། །མན་ངག་རྒྱལ་བོ་སྟག་ལ་མེ་འབར་གྱི་སྲུང་སྔགས་འདི་ལ། །ཕྱི་དོན་རྣམ་པ་གྱིས་བསྟན། །གནས་དང་བཅའ་གཞི་སྲུང་སྔགས་སོ། །དང་པོ་རབ་འབྲིང་ཐ་མ་གསུམ། །རབ་ནི་རི་མཐོ་བྲག་དམར་རྩེ་ལ་བྱ། །འབྲིང་ནི་ས་གཙང་དགོན་པ་རུ། །ཐ་མ་རང་ཉམས་དགའ་བར་བྱ། །ཁྱད་པར་བདག་དབང་བར་ཆོད་མེད་པ་ནི། །གནས་ཀྱི་ནང་ནས་རབ་ཀྱང་ཡིན། །ཁྱད་པར་དབེན་པའི་གནས་དེ་རུ། །གཏོར་བཏང་ཞིང་བདེན་པ་བདར། །སྡེ་བརྒྱད་ཀུན་ལ་སྦྱིན་གཏོང་བྱ། །གཉིས་པ་བཅའ་གཞིའི་རིམ་པ་ནི། །བཀྲ་ཤིས་བྱིན་ལྡན་པ་དག་ལ། །རིན་ཆེན་སྣ་ལྔ་བདར་ལ་གསས་མཁར་གྲུ་གང་བརྩིགས། སྨན་སྤོས་དྲི་བཟང་བྱུག་ལ་དཀྱིལ་འཁོར་བཀོད། །སྟེང་དུ་ཁྱུང་དང་ཏོག་མགོས་བརྒྱན་པར་བྱ། །གསུམ་པ་སྲུང་བའི་ལུགས་ལ་སྲུང་ཟློག་གཉིས། དང་པོ་སྲུང་བ་མཚམས་ཀྱི་བསྙེན་པ་ནི། བསྭོ། ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས། །སོང་ཞིག་རང་གི་གནས་སུ་སོང། །ལྟ་ཞིང་ཉན་ལ་མི་དབང་བས། །བསམ་སྦྱོར་གདུག་རྩུབ་ཕྱིར་ལ་འཐུལ། །གལ་ཏེ་བཀའ་ལ་མི་ཉན་ན། །ང་ནི་སྟག་ལ་མེ་འབར་ཡིན། །སྲུང་བའི་གུར་ཁང་གུར་དུ་འཁྲིགས། །བསྐལ་བའི་གུར་ཁང་དབལ་འོད་འབར། ཉི་ཟླའི་གུར་ཁང་འོད་དུ་གསལ། །མཚོན་ཆའི་གུར་ཁང་རྣོ་དབལ་གཏམས། །གཡུང་དྲུང་གུར་ཁང་མི་ཤིགས་བརྟན། །ཁྲོ་བོའི་གུར་ཁང་དྲ་མིག་གཏམས། །འཇིགས་ཚུལ་རྔམ་པའི་བསྭོ་སྒྲ་སྒྲོགས། །ལོག་ལྟ་དགྲ་བགེགས་བསྲེག་ཅིང་འཇོམས། །ནམ་མཁའ་བར་སྣང་ས་གཞི་ཀུན། །དབལ་གསས་འཐོར་གསས་གཤེན་གསས་རྣམས། །སྤྲིན་དཔུང་བཞིན་དུ་འདུས་ཤིང་བཏིབས། །ཕྱོགས་བཞི་དང་ནི་མཚམས་བརྒྱད་ན། །དགྲ་བླའི་དམག་ཚོགས་དགུ་ཁྲི་དགུ་འབུམ་འཁྲིགས། །སྲུང་སྐྱོབ་བསྭོ་སྒྲ་དི་རི་རི། །ནང་ནི་ལྷ་དམག་རང་བཞིན་ལ། །སྲོག་གཅོད་ཚར་གཅོད་ཕྱེ་མར་གཏོང་། །དེ་བས་རང་རང་གནས་སུ་དེངས། །བསྭོ་ༀཱ་ཁྲོ་ཏ་ཧ་ལ་ཤག་ཚལ་བ་དུམ་བུ་རྦད། ཅེས་མཚམས་བཅད་དོ། །སྲུང་ཟློག་སྔགས་བརྗོད། གསུམ་པ་སྒྲུབ་བསྟན་པ་ནི། ཏིང་འཛིན་སྔགས་དང་བྱིན་རླབས་ལས། དང་པོ་ཏིང་འཛིན་རིམ་པ་ནི། བསྭོ། སྟོང་བ་བོན་ཉིད་ཀྱི་དབྱིངས་ཀློང་ན། །ཡི་གེ་བསྭོ་གཅིག་གསལ་བར་བསམ། །ངག་ཏུ་བསྭོ་ཞེས་བརྗོད་ལ། བདག་གི་སྤྱི་བོར་ཐིམ་པས། བདག་ཉིད་དབལ་བོན་སྟག་ལ་མེ་འབར་སྐུ་མདོག་མཐིང་ནག་སྐུ་ལ་བསྐལ་བའི་མེ་རི་འབར་བ། ཕྱག་གཡས་ན་མེ་ཡི་འཁོར་ལོ་བསྐོར་བ། ཕྱག་གཡོན་ན་གསེར་གྱི་འཁོར་ལོ་བསྣམས་པ། རལ་བ་སྲིད་གསུམ་གྱི་རྩེ་ལ་འབར་བ། སྤྱན་བགྲད་པ། ཞལ་གདེངས་པ། མཆེ་བ་གཙིགས་པ། ཤིན་ཏུ་རྔམ་པ། དཔའ་བ་ཆེ་བ་འཇིགས་པ་གཅིག་བསྒོམ། དེའི་ཐུགས་ཀ་ནས་གསེར་གྱི་གའུ་སྲུབ་མེད་པའི་ནང་ན་ཡི་གེ་བསྭོ་གཅིག་གསལ་བ་ལ་སྲུང་བའི་སྔགས་ཀྱིས་གཡས་སུ་བསྐོར་བར་བསྒོམ། དེ་ལས་འོད་ཟེར་ཞིག་འཕྲོས་པས་རང་གི་ལུས་ལ་ཉི་ཟླའི་གོ་ཁྲབ་ཀྱིས་འཁྲིགས་པར་བསམ། བསྭོ་བྲུཾ་བྲུཾ། ཞེས་བརྗོད་པས། ཡང་དེ་ལས་འོད་ཟེར་ཞིག་ཕར་འཕྲོས་པས་མདུན་གྱི་བསྲུང་བྱ་གང་ཡིན་ལ་ཐིམ་ནས་བདག་འདྲ་ཉི་ཟླའི་གོ་ཁྲབ་ཅན་དུ་གྱུར་བར་བསམ། བསྭོ་རཾ་རཾ། ཞེས་བརྗོད་པས། དེ་ལས་འོད་ཟེར་ཞིག་ཕར་འཕྲོས་པས། སྣང་སྲིད་ཀྱི་དགྲ་བགེགས་ཐམས་ཅད་སྲེག་པར་བསམ། བསྭོ་དྲུང་བུ་བྲུཾ་འདུ། ཞེས་བརྗོད་པས། ཚུར་འདུས་པས་དེའི་ཕྱི་རིམ་དུ་གཡུང་དྲུང་གི་གུར་ཁང་སྲ་ལ་འཁྲིགས་པ་དགུ་རིམ་དུ་གྱུར་བར་བསམ། བསྭོ་ཁྲོ་ཏ་བྲུཾཿ ཞེས་བརྗོད་པས་དྲ་མིག་ཐམས་ཅད་དབལ་གྱི་ཁྲོ་བོས་གཏམ་པར་བསམ། བསྭོ་ཧ་ལ་ཙཀྲ་བྲུཾཿ ཞེས་བརྗོད་པས་དེའི་ཕྱི་རིམ་མཚོན་ཆའི་གུར་ཁང་དགུ་རིམ་ཞིག་ཏུ་འཁྲིགས་པར་བསམ། བསྭོ་མ་སརྱ་ལ་བྲུཾཿ ཞེས་བརྗོད་པས་དེའི་ཕྱི་རིམ་དུ་ཉི་མའི་གུར་ཁང་ཚ་ལ་མེ་འབར་ཞིག་ཏུ་གྱུར་བར་བསམ། བསྭོ་ཨ་ཙནྟྲ་ལ་བྲུཾཿ ཞེས་བརྗོན་པས་དེའི་ཕྱི་རིམ་དུ་ཟླ་བའི་གུར་ཁང་གྲང་ལ་ཆུ་ཁོལ་བ་ཞིག་ཏུ་གྱུར་བར་བསམ། བསྭོ་རཾ་རཾ་བྷྲུཾཿཞེས་བརྗོད་པས་དེའི་རྒྱབ་ཏུ་བསྐལ་བའི་མེ་རི་འབར་བས་འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་བསྲེགས་པར་བསམ། བསྭོ་བསྭོ་བསྭོ་ཞེས་བརྗོད་པས་ནམ་མཁའ་ལ་དབལ་གསས་དགུ་ཁྲི་དགུ་འབུམ། བར་སྣང་ལ་ཐོར་གསས་བརྒྱད་ཁྲི་བཞི་སྟོང་། ས་གཞི་ལ་གཤེན་གསས་དགུ་ཁྲི་དགུ་འབུམ་འཁྲིགས་པར་བསམ། བསྭོ་བསྭོ་བསྭོ་ཞེས་བརྗོད་པས་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན་དགྲ་བླའི་དམག་ཚོགས་དགུ་ཁྲི་དགུ་འབུམ་གྱིས་བསྐོར་ནས་སྲུངས་ཤིག་སྐྱོབས་ཤིག་ཟེར་བའི་སྒྲ་དི་རི་རི་སྒྲོགས་པར་བསམ། བསྭོ་ཙཀྲ་བྲུཾཿཞེས་བརྗོད་པས་དེ་རྣམས་ཐམས་ཅད་ཀྱི་རྒྱབ་ཏུ་གསེར་གྱི་འཁོར་ལོ་རྩིབས་འབུམ་དུ་ཡོད་པར་གྱུར་བ་་དེ་གུར་ཐབས་སུ་འཁོར་བར་བསམ། བདག་ལ་གནོད་པའི་ལྷ་འདྲེ་དགྲ་བགེགས་བྱད་མ་ཐམས་ཅད་འཁོར་ལོའི་རྩིབས་དང་རྩེ་མོས་མྱལ་མྱལ་དུམ་བུར་ཕྱེ་མར་བཏང་བར་གྱུར། ཏིང་འཛིན་དང་མ་བྲལ་བར་བྱས་ལ་སྲུང་པའི་སྙིང་བོ་འདི་ཉིད་བགྲངས་སོ།། བསྭོ་བྲུཾ་བསོ་བྲུཾ་རཾ་བྲུཾ་ཨ་དཀར་བྲུཾ་སད་བྲུཾ་ཧ་བྲུཾ་ཧ་རམ་ཁྲོ་ཏ་བྲུཾ། ཞེས་ཉིན་བརྒྱ་མཚན་བརྒྱ་བགྲང་། དེ་ནི་སྟག་ལ་མེ་འབར་ཐུགས་ཀྱི་སྲུང་སྔགས་ཡིན། ལུས་ལ་གོ་ཁྲབ་གྱོན་པ་དང་། མཁར་གྱི་ནང་དུ་ཡོད་པ་དང་། བདག་ལ་འཁོར་གྱི་བསྐོར་བ་འབྱུང་། དེ་བས་འཁོར་གྱི་ལྷ་དམག་རྣམས་ཀྱི་སྲུང་སྔགས་ནི། བསྭོ་ཧེད་ཧ་ལ་ཡ་སྲ་བརྟན་གཡུང་དྲུང་ཡེ་མ་བྲུཾ་བྲུཾཿ ཡེ་མ་གཡུང་དྲུང་སྲ་བརྟན་ཡེ་མ་བྲུཾ་བྲུཾཿ གནམ་ལྕགས་སྲ་བརྟན་གཡུང་དྲུང་ཡེ་མ་བྲུཾ་བྲུཾཿ པ་ཡེ་བྲུཾ་བྲུཾཿ པ་སྟ་བྲུཾ་བྲུཾཿ སྲུང་སྔགས་གོང་མ་བཏགས་ལ་ནང་བརྒྱ་ནུབ་བརྒྱ་བགྲང་། བདག་དང་འཁོར་རྣམས་སྲུང་པའི་སྔགས་ཀྱང་ཡིན། དམག་དཔུང་ནང་ནས་འཁོར་གཡོག་ལྡན་། །འཁོར་ལོ་མཚོན་ཆ་རྣོ་དབལ་ཐོགས། །ཕོ་མོ་སྲུང་བའི་མཚན་མ་འབྱུང་། །དྲག་སྔགས་འདི་ནི་སྟག་ལ་མེ་འབར་ཐུགས་ལས་འབྱུང་། །སྔགས་པ་འབུམ་གྱི་ཕུར་ཁ་རྡུག །བསྐལ་བ་འབུམ་གྱི་ལྷ་འདྲེ་རྡུག །ཐོག་སེར་བཙོ་དབལ་དྲག་པོ་སྲུང་། །ནད་ཡམས་དག་ལ་སྨོས་ཅི་དགོས། །འདི་ལ་ཡི་དམ་བྱས་གྱུར་ན། །ཚེ་སྲོག་ལྕགས་ཀྱི་སྲ་བ་དང་། །ཚེ་ཡི་བར་ཆོད་སྲུང་བར་འགྱུར། སྐྱེ་བ་སྔ་ཕྱི་དྲན་པ་དང་། །ཀུན་མཁྱེན་རིག་པའི་འབྲས་འཐོབ་ཤོག །ཉུངས་དཀར་དག་ལ་བཟླས་བྱས་ན། །གང་ལ་བཏགས་པ་དེ་དག་ལ། །ལྷ་འདྲེ་ཀུན་གྱིས་མི་ཚུགས་སོ། །ཙན་ཏན་ལ་སོགས་དྲི་བཟང་ལ། །བཟླས་ནས་གང་ལ་བཏགས་པ་དེ། །ནད་ཡམས་གང་ཡང་མི་འབྱུང་ངོ། །སྟག་ལ་མེ་འབར་གསང་སྒྲུབ་ལས། ཉི་ཟླ་གོ་ཞུ་གསང་སྒྲུབ་འདི། །སྟག་ལ་མེ་འབར་ཐུགས་ཀྱི་བཅུད། །གདམས་པ་ཀུན་གྱི་ཡང་སྙིང་ཡིན། །འདི་ལས་ལྷག་པའི་སྲུང་བ་མེད། །ཨུ་ཡ་ཨག་ཐཾ། །སྟག་ལ་མེ་འབར་སྐུ་ལ་ཕྱག་འཚལ་ལོ། །འདི་དག་ཐམས་ཅད་གཞུང་དུ་གསལ་བ་ལ། །སྦས་དོན་གསང་བའི་མན་ངག་བསྟན་པ་ནི། །བདག་ཉིད་སྟག་ལ་གཞུང་བཞིན་བསྒོམ། །འཁོར་རྣམས་སྟག་ལ་མེ་འབར་བསྒོམ། །ཉུངས་དཀར་ལྷ་དམག་དག་ཏུ་བསྒོམ། །སྔགས་ནི་ཉིན་མཚན་བརྒྱ་རེ་བགྲང། །དེ་ཡིས་བདག་དང་ཟཁོར་རྣམས་སྲུང་། །མི་འཇིགས་བརྩན་པའི་མཁར་དུ་ཚུད། །སུས་ཀྱང་མི་ཚུགས་སྟག་ལྷའི་སྐུ། །དུས་འདི་ཉིད་དུ་འགྲུབ་པར་འགྱུར། །གལ་ཏེ་བདག་ལ་བན་བོན་མང་པོས་མཐུ་བྱེད་ན། །ནང་ནུབ་བདག་སྲུང་སྔགས་ལ་བརྒྱ་བརྒྱ་བཟླ། །དེ་ཡིས་ཉིན་དང་མཚན་ལ་བདག་སྲུང་སྔགས་འཁོར་རྣམས་སྲུང་སྔགས་བཏགས་ལ་བཟླ། དེ་ཡིས་བན་བོན་བྱད་ཁ་ངེས་པར་སྲུང་། །དེལས་མང་བར་བཟླ་མི་འཚལ། །སྟག་ལ་མེ་འབར་ཐུགས་ཀྱི་སྲུང་སྔགས་ཡིན། གལ་ཏེ་བྱད་ཁ་ཕུར་ཁ་མང་པོ་གནོད་པ་ལ། །དྲག་པོའི་ཟློག་སྔགས་འདི་ཡིས་ཟློག་པར་འགྱུར་། །ཉུང་དཀར་དག་ལ་བཟླས་ལ་འཕང་། །ལྷ་འདྲེ་འབུམ་གྱི་ཟློག་སྔགས་ཡིན། ། བསྭོ་བསྭོ་རཾ་རཾ་བྱེར་བྱེར་ཟློག་ཟློག རཾ་རཾ་སད་རཾ་རཾ་ཟློག ཡ་ཏྲི་ཡ་ཏྲི་ཟློག་ཟློག མ་ཏྲི་མ་ཏྲི་ཟློག་ཟློག ཏ་ཏ་དེད་དེད་ཟློག་ཟློག སད་སད་ཟློག་ཟློག ཐུན་ཐུན་ཟློག་ཟློག ཀ་ཡ་ཀ་ཡ་ཟློག་ཟློགཿ དེ་ནི་དྲག་པོའི་ཟློག་སྔགས་སོ། །དེ་ལ་ནང་བརྒྱ་ནུབ་བརྒྱ་བགྲང་། །བདག་དང་འཁོར་རྣམས་སྲུང་ཕར་འགྱུར། །བྱད་ཁ་ཕུར་ཁ་སྟོང་ཡང་ཟློག །བན་བོན་མང་པོ་དགྲར་ལངས་ན། །དུས་བཞིར་བཅད་ལ་བརྒྱ་རེ་བགྲང་། །དེ་ཡིས་བྱད་ཁ་འབུམ་ཡང་ཟློག །ཆུ་བསྒྱུར་ཤིང་བཅད་སེར་བཟློག་སོགས། །ཟློག་སྔགས་མཚན་མ་མང་པོ་འབྱུང་། །འདི་ལ་བསྙེན་པ་སོང་བ་ན། །རི་ལ་བཏབ་ན་རི་ཡང་བསྒྱིལ། །བྲག་ལ་བཏབ་ན་བྲག་ཀྱང་འགས། །ཉི་ཟེར་ཟླ་ཟེར་ལ་བཏབ་ན་ཐང་ལ་ལྷུང་། །ལྷ་འདྲེ་འབུམ་ཡང་ངེས་པར་ཐུབ། །སྔགས་པ་འབུམ་གྱི་བྱད་ཁ་ཟློག །འདི་ཡི་ཡོན་ཏན་བསམ་མི་ཁྱབ། །འདི་ལས་དམར་བ་ཡོད་ན་ན་རག་བདན། །སྟག་ལ་མེ་འབར་ཐུགས་ཀྱི་གསང་སྒྲུབ། །མི་འཇིག་སྲུང་བའི་གསས་མཁར་ཡིན། །རྒྱ་རྒྱ་རྒྱ། སྟག་ལ་མེ་འབར་སྐུ་ལ་ཕྱག་འཚལ་ལོ། །སྐབས་སུ་གཏོར་མ་གཏོར་འདོད་ན། འབྲུ་སྣའི་གཏོར་མ་རྒྱན་ལྡན་བཤམས། །དེ་ལ་ཡུ་ཏི་ཕུད་ཀྱིས་བྲན། །བདག་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་རཾ་ཡཾ་མཾ་གསུམ་འཕྲོས་ནས། གཏོར་མའི་མི་གཙང་བའི་སྐྱོན་གྲིབ་ཐམས་ཅད་སྲེག་གཏོར་བཀྲུས་ནས་དག་པར་བསམ་ལ། བསྭོ་ༀཱ་ཟུར་ནམ་དེ་ཤོ་ཧ་ར་བྲུཾ་བསྭོ་ཐཱ། ཞེས་མང་པོར་སྤེལ། བསྭོ་ཀུ་རུ་ཡེ་མུ་ཡེ་ཀློང་མུར་ཐུར་ཡེ་སྭཱཧྭཱ། ཞེས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་བྱིན་གྱིས་བརླབ་པར་གྱུར། དེ་ནས་བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་ཡང་འཕྲོས། ཡེ་ཤེས་སེམས་དཔའ་པ་སྤྱན་དྲངས་ཏེ། རྔ་གཤང་སྒྲོགས་འདི་སྐད་དོ།། བསྭོ། བོན་ཉིད་དབྱིངས་ཀྱི་གསས་མཁར་ན།། བདེ་བར་གཤེགས་པ་ཐུགས་ཀྱི་སྲས།། སྟག་ལ་མེ་འབར་རྔམ་པའི་སྐུ།། དྲེགས་པ་འདུལ་བའི་མཐུ་རྩལ་ཅན།། སྤྲུལ་བ་འཁོར་དང་བཅས་པ་རྣམས།། གཡུང་དྲུང་བོན་གྱི་བསྟན་པ་བསྲུང་བ་དང་།། གཤེན་བོན་བདག་ལ་སྐྱོབ་པའི་ཕྱིར།། མཆོད་པའི་གནས་འདིར་གཤེགས་སུ་གསོལ།། གཉིས་མེད་དོན་གྱིས་བརྟན་པར་བཞུགས་སུ་གསོལ།། བསྭོ་ཁྲོ་ཏ་ར་ཡོ་ཛ་ཧྲུན། བསྭོ། ཁྲོ་རྒྱལ་སྟག་ལ་མེ་འབར་འཁོར་བཅས་ལ།། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ།། ཆག་ཉམས་འགལ་འཁྲུལ་ཐམས་ཅད་མཐོལ་ལོ་བཤགས།། ཕྱི་ནང་མཆོད་པའི་བྱེ་བྲག་རྣམས།། དད་པས་བཤམས་ནས་ཁྱེད་ལ་འབུལ།། ཐུགས་རྗེ་བྱིན་གྱིས་རློབས་ལ་བཞེས་སུ་གསོལ།། ཟུར་ནམ་དེ་ཤོ་ཧ་ར་སད་ཁ་ཧི། སུ་ར་ཁ་ཧི། ཡུ་ཏི་ཁ་ཧི། བོང་ངེ་ཁ་ཧི། ཤ་དྲུཾ་ཁ་ཧི། བྱད་མ་ཁ་ཧི། ཞེས་མཉེས་པར་བསམ། ཡང་སྒྲ་བཏང་ཞིང་སྐུ་བསྟོད་པ་ནི། བསྭོ། མེ་རི་མཚོན་ཆ་གཡུང་དྲུང་གུར་ཁང་ན།། དབལ་ཆེན་རྔམ་པ་སྟག་ལའི་སྐུ།། སྐུ་མདོག་མཐིང་ནག་བསྐལ་བའི་མེ་རི་འབར།། འཇིགས་པའི་སྐུ་ལ་བརྗིད་པའི་ཆས།། དྲག་པོའི་གསུང་ལ་གཏུམ་པའི་ཐུགས།། དཔའ་བའི་ཆས་ལ་མཐུ་རྩལ་ཅན།། ཕྱག་གཡས་མེ་ཡི་འཁོར་ལོ་བསྐོར།། བྱད་མའི་སྲོག་རྩ་དུམ་བུར་གཏོང་།། རལ་བ་སྲིད་གསུམ་རྩེ་ལ་འཁྱིལ།། ལྷ་གཤེན་ཁ་ལོ་གྱེན་དུ་བསྒྱུར།། སྤྱན་བགྲད་ཞལ་གདངས་མཆེ་བ་གཙིགས།། བྱད་མ་ཐམས་ཅད་འཇོམས་ཤིང་སྒྲོལ།། རྔམ་པའི་ང་རོ་འབྲུག་སྟོང་ལྡིར།། སྣང་སྲིད་ལྷ་འདྲེ་གནས་ནས་བརྒྱལ།། འཁོར་ནི་འབུམ་ཕྲག་བསམ་ལས་འདས།། སྤྲུལ་བ་བྱེ་བ་ས་ཡ་འགྱེད།། གཡུང་དྲུང་བོན་གྱི་བསྟན་པ་སྲུང་།། ཁྲོ་རྒྱལ་ཁྱེད་ལ་ཕྱག་འཚལ་བསྟོད།། ཁྲོ་རྒྱལ་སྟག་ལ་མེ་འབར་འཁོར་བཅས་ཀྱིས།། བདག་ཅག་སྒྲུབ་གཤེན་འཁོར་བཅས་ལ།། སྲུང་དང་སྐྱོབ་དང་སྦ་བ་དང་།། བརྩེ་བས་ཐུགས་རྗེས་བཟུང་དུ་གསོལ།། ལྷ་སྲིན་བགེགས་ཀྱི་གདུག་པ་དང་།།བྱད་ཁ་ཕུར་ཁ་ཟློག་ཏུ་གསོལ།། བདག་ལ་གནོད་པའི་དགྲ་བགེགས་རྣམས།། གཟིར་མནན་བསྒྲལ་བའི་ཕྲིན་ལས་མཛོད།། ཅེས་བརྗོད་ལ་གཏོར་མ་བཏང་། ཟློག་སྔགས་བཟླ། རྗེས་ལ་གུར་ཁང་གསལ་གདབ་སྲུང་སྔགས་བརྒྱ་བརྒྱ་བཟླའོ།། སྟག་ལ་མེ་འབར་གྱི་གསང་སྒྲུབ་རྒྱུན་གཏོར་རྫོགས་སོ།། བསྟན་པའི་མངའ་བདག་དཔོན་གསས་ཁྱུང་རྒོད་རྩལ་གྱིས། མང་མཁར་ལྕགས་འཕྲང་ནས་གཏེར་ནས་བཏོན་པའོ།། དེ་ནས་རིམ་གྱིས་བརྒྱུད་པའོ།། སྟག་ལ་མེ་འབར་དྲག་པོའི་གཏོར་ཟློག་ལ། འབྲུ་ནག་དག་ལ་དབལ་གཏོར་དམར་ནག་ཟུར་གསུམ་བྱ། ཐོག་མདེལ་ཟུར་གསུམ་པ་དགུ་བྱ་ལ་ཁྲག་གི་བྱུགས། མཚེ་དང་ཉུངས་དཀར་གཟུག་གོ། དང་པོ་གུར་ཁང་གསལ་གདབ། བདག་སྲུང་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་ཉུངས་དཀར་བསྔགས། དེ་ནས་ལྷ་དམག་གི་སྲུང་སྔགས་དང་སྦྲེལ་ལ་འཁོར་སྲུང་བརྒྱ་རྩ་བརྒྱད་བཟླའོ།། ཏིང་འཛིན་བསྐྱེད་པ་ལ་ཟློག་སྔགས་གོང་མ་བརྒྱད་བཟླས་ལ་ཉུངས་དཀར་ལ་བསྔགས། དེ་ནས་གཏོར་མ་དང་ཟོར་མདེལ་ཁྱེར་ལ་བྱད་མ་འདྲེ་འོང་གི་ཕྱོགས་སུ་འཕང་སྟེ། བསྭོ་བསྭོ་རཾ་རཾ་ཟློག་ཟློག ཡ་ཏྲི་ཡ་ཏྲི་ཟློག་ཟློག མ་ཏྲི་མ་ཏྲི་ཟློག་ཟློག ཛ་ཏྲི་ཟློག་ཟློག ན་ག་ཟློག་ཟློག ར་ཙ་ཟློག་ཟློག ཏྲི་ཤམ་ཟློག་ཟློག བྱད་མ་ཟློག་ཟློག བྱད་མའི་སྲོག་ལ་བྷྱོ་བྷྱོ་ཡ་ཡ་ཟློག་ཟློག ཅེས་ཉི་ཤུ་རྩ་གཅིག་བཟླས་ལ་འཕང་ངོ་།།རྗེས་ལ་གོང་གི་ཉུངས་དཀར་འཕངས། དེ་ལྟར་ན་ལྷ་འདྲེ་གདུག་པ་ཅན་དང་། བྱད་ཁ་གང་ཡང་མི་ཟློག་མི་སྲིད་དོ།། རྗེས་པ་གོང་གི་གུར་ཁང་གསལ་གདབ། སྔགས་གསུམ་སྦྲེལ་ལ་བརྒྱ་རེ་བཟླས་ལ་ཡུངས་དཀར་ལ་བཏབ་ལ་བསྲུང་བྱ་རྣམས་ཀྱི་མགུལ་དུ་བཏགས། དེ་ལྟར་བྱས་ན་བྱད་ཁ་སྟོང་ཡང་རྡུག་ངེས་སོ།། འདི་ནི་སྲུང་ཟློག་ནང་ནས་ཟབ་མོ་ཡིན། སྟག་ལ་མེ་འབར་ཐུགས་ལས་བྱུང་བའོ།། ཨུ་ཡ་ཨག་ཐིམ། སྟག་ལ་མེ་འབར་ཉིད་ལ་ཕྱག་འཚལ་ལོ།། དབལ་གཏོར་དམར་ནག་ཟུར་གསུམ་དུ་ཕུད་བླུག་ལ་ཁྲག་སྦྲེང་ཞིང་འདི་སྐད་དོ།། བསྭོ། མེ་དཔུང་མཚོན་ཆ་དབལ་གྱི་གུར་ཁང་ན།། དྲེགས་པ་འདུལ་བའི་དཔའ་རྩལ་ཅན།། མ་རུངས་འཇོམས་པའི་མཐུ་བོ་ཆེ།། དབལ་འབར་དྲག་པོ་ཁྲོ་བོའི་རྒྱལ།། སྟག་ལ་མེ་འབར་ཁྲོ་རྒྱལ་གཤེན།། བྱད་མ་ཟློག་པའི་རྩལ་དྲག་པོ།། དམར་གྱི་གཏོར་མ་འདི་བཞེས་ལ།། བྱད་ཁ་ཟློག་པའི་དུས་ལ་བབ།། བྱོལ་ཁ་བསྒྱུར་བའི་དུས་ལ་བབ།། དུན་ཙེ་བསྒྲལ་བའི་དུས་ལ་བབ།། བྷྱོ ཁྱོད་ཀྱི་འཁོར་དང་སྤྲུལ་བ་ནི།། ནམ་མཁའ་བར་སྣང་ས་གཞི་ཀུན།། སྟག་ལ་མེ་འབར་སྤྲུལ་བས་གང་།། བྱད་ཁ་སྲུང་ཟློག་བསྭོ་སྒྲ་སྒྲོགས།། གེ་ཤན་བསྒྲལ་བའི་ང་རོ་འབྱིན།། རྐན་སྒྲ་བརྡབ་པས་ལྷ་སྲིན་བརྒྱལ།། སྔོན་ཀྱང་གཡུང་དྲུང་བོན་གྱི་ལྷ།། ད་ལྟ་རྣལ་འབྱོར་བདག་གི་ལྷ།། དེ་རིང་དྲག་པོའི་ལས་ལ་བདར།། མ་མདའ་བཅོལ་བའི་ཕྲིན་ལས་མཛོད།། བསྭོ། དབལ་བོན་ཆེན་པོའི་སྤྲུལ་བ་ནི།། སྟེང་ཕྱོགས་དབལ་དམག་ཁྲི་དང་འབུམ།། སྤྲུལ་བའི་དབལ་དམག་ཁྲི་འབུམ་འགྱེད།། དམར་གྱི་གཏོར་མ་འདི་བཞེས་ལ།། བྱད་ཁ་ཕུར་ཁ་ཟློག་ཏུ་གསོལ།། བར་སྣང་འཐོར་གསས་བརྒྱད་ཁྲི་བཞི་སྟོང་ལས།། སྤྲུལ་བའི་འཐོར་གསས་བརྒྱད་ཁྲི་བཞི་སྟོང་འགྱེད།། དམར་གྱི་གཏོར་མ་འདི་བཞེས་ལ།། བྱད་ཁ་ཕུར་ཁ་ཟློག་ཏུ་གསོལ།། ས་གཞི་གཤེན་གསས་དགུ་ཁྲི་དགུ་འབུམ་ལས།། སྤྲུལ་བའི་གཤེན་གསས་དགུ་ཁྲི་དགུ་འབུམ་འགྱེད།།དམར་གྱི་གཏོར་མ་འདི་བཞེས་ལ།། བྱད་ཁ་ཕུར་ཁ་ཟློག་ཏུ་གསོལ།། སྟག་ལ་མེ་འབར་སྤྲུལ་བ་སྟེ།། ཕྱོགས་བཞི་དང་ནི་མཚམས་བརྒྱད་ན།། དགྲ་བླའི་དམག་ཚོགས་དགུ་ཁྲི་དགུ་འབུམ་ཡང་།། སྤྲུལ་བའི་དམག་ཚོགས་དགུ་ཁྲི་དགུ་འབུམ་འགྱེད།། དམར་གྱི་གཏོར་མ་འདི་བཞེས་ལ།། བྱད་ཁ་ཕུར་ཁ་ཟློག་ཏུ་གསོལ།། ཁྱོད་ནི་ཁྲོས་ཤིང་འཚིག་པའི་ཚེ།། རྔམ་པའི་སྐུ་ལ་བརྗིད་པའི་ཆས།། དྲག་པོའི་གསུང་ལ་གཏུམ་པའི་ཐུགས།། དཔའ་བའི་ཆས་ལ་མཐུ་རྩལ་ཅན།། རྣོ་དབལ་མཚོན་ཆ་སྣ་ཚོགས་བསྣམས།། བྱད་ཁ་སྲུང་ཟློག་བསྭོ་སྒྲ་སྒྲོགས།། བསྭོ་སྒྲ་སྒྲོགས་ཤིང་བྱད་ཁ་སྲུངས།། མཐུ་རྩལ་གཞན་གྱིས་འགྲན་ཟླ་མེད།། མ་རུང་ཅན་རྣམས་རྡུལ་དུ་རློགས།། དྲེགས་པ་ཅན་རྣམས་གཟིར་ཅིང་གནོན།། མཐུ་རྩལ་ཅན་རྣམས་བྲན་དུ་འཁོལ།། གདུག་རྩུབ་ཅན་རྣམས་དབང་དུ་སྡུད།། གཡུང་དྲུང་བོན་གྱི་བསྟན་པ་སྲུངས།། ཁྱེད་ལ་དམ་རྫས་གཏོར་མ་འདི་འབུལ་གྱིས།། མ་མདའ་བཅོལ་བཅོལ་བའི་ཕྲིན་ལས་མཛོད།། སྡང་བའི་དགྲ་དང་གནོད་པའི་བགེགས།། བྱད་མ་རྦོད་གཏོང་དམ་ཉམས་རྣམས།། དབང་དུ་སྡུས་ལ་རྡུལ་དུ་རློགས།། རིངས་པར་ཁུག་ལ་མྱུར་ཏུ་སྒྲོལ།། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད།། ཨ་ཨཱོཾ་ཧཱུྃ། ཟུར་ནམ་དེ་ཤོ་ཧ་ར་སད་ཁ་ཧི། སུ་ར་ཁ་ཧི། ཡུ་ཏི་ཁ་ཧི། བོང་ངེ་ཁ་ཧི། ཤ་ཏྲུཾ་ཁ་ཧི། བྱད་མ་ཁ་ཧི།ཞེས་བསྐུལ་ཞིང་འཕྲིན་ལས་བཅོལ་ལོ།། དེ་ནས་ཟོར་འཕང་སྟེ། སྔོན་དུ་རང་དང་འཁོར་སྲུང་སྔགས་རྣམས་བཟླ། སྲུང་འཁོར་ལྟར་སྟག་ལ་མེ་འབར་སྒོམ། བསྲུང་བྱ་རྣམས་གུར་ཁང་ནང་དུ་སྒོམ། ཟོར་འཕེན་ཁ་སྲུང་སྔགས་བརྒྱ་རྩ་བརྒྱད་བཟླ། དེ་ནས་ཟློག་སྔགས་བརྒྱ་རྩ་བརྒྱད་བཟླ། དེ་ནས་ཟློག་སྔགས་བརྒྱ་རྩ་བརྒྱད་བཟླ། དེ་ནས་གཏོར་མ་ཟོར་མདེལ་ཆས་སུ་སྩལ། གསེར་སྐྱེམས་བཏང་། བདེན་པ་བདར་ལ་ཟོར་འཕང་སྟེ། བསྭོ། ང་ནི་སྟག་ལ་མེ་འབར་ཡིན། དམ་ཉམས་དགྲ་ལ་ཟོར་འཕེན་གྱི།། དུས་གསུམ་བདེར་གཤེགས་གཟུ་དང་དཔུང་མཛོད་ཅིག སྟེང་གི་ལྷ་ཁམས་ཐམས་ཅད་ཀུན།། མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ།། དོ་ནུབ་ཟོར་གྱི་ལམ་ཕྱེས་ཤིག། བར་གྱི་བཙན་བཙུན་ཐམས་ཅད་ཀུན།། མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ།། དོ་ནུབ་ཟོར་གྱི་ལམ་ཕྱེས་ཤིག། འོག་གི་ས་བདག་ཀླུ་གཉན་ཐམས་ཅད་ཀུན། མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ།། དོ་ནུབ་ཟོར་གྱི་ལམ་ཕྱེས་ཤིག། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀུན།། མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ།། དོ་ནུབ་ཟོར་གྱི་ལམ་ཕྱེས་ཤིག། ཡུལ་ལྷ་ཡུལ་སྨན་ཐམས་ཅད་ཀུན།། མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ།། དོ་ནུབ་ཟོར་གྱི་ལམ་ཕྱེས་ཤིག། ཡུལ་ས་གཞི་བདག་ཐམས་ཅད་ཀུན།། མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ།། དོ་ནུབ་ཟོར་གྱི་ལམ་ཕྱེས་ཤིག། གཡུང་དྲུང་བོན་སྐྱོང་སྲུང་མ་རྣམས།། བདག་ལ་མགོན་སྐྱབས་མ་ཆུང་ཞིག། དམ་ཉམས་དགྲ་ལ་ཟོར་འཕེན་ནོ།། ཟོར་དམག་གཉན་པོ་དགྲ་ལ་དྲོངས།། ཡུངས་ཟོར་ཁྲག་ཟོར་དགྲ་ལ་རྒྱོབ།། དབལ་ཟོར་མཚེ་ཟོར་དགྲ་ལ་རྒྱོབ།། བོན་ཟོར་ཆོས་ཟོར་དགྲ་ལ་རྒྱོབ།། བྱད་མའི་སྙིང་ལ་མཚེ་ཟོར་རྒྱོབ།། སེམས་རྟེན་ལུས་དང་དབང་པོ་ཕྲོལ།། ལུས་སྲོག་དབང་པོ་དྭངས་སྙིགས་ཕྱེས།། རྣམ་ཤེས་མར་མེ་ནུབ་པར་གྱིས།། དྲན་པའི་དབང་པོ་མྱོས་སུ་ཆུག། གེ་ཤན་བྱད་མ་ལས་ངན་གྱི།། བདུན་རྒྱུད་རྩད་ནས་ཆོད་ལ་ཤོག། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད།། བསྭོ་བསྭོ་རཾ་རཾ་ཐུན་བྷྱོུ། ཤར་ཤར་ཐུན་བྷྱོ། ཧྲིམ་ཧྲིམ་ཐུན་བྷྱོ། བྱད་མའི་སྙིང་ལ་ཐུན་བྷྱོ་ཐུན་བྷྱོ། ཞེས་བཟླས་ལ་ཟོར་འཕང་ངོ་།། དེས་བྱད་ཁ་སྟོང་ཡང་ཟློག་པར་འགྱུར། དབལ་ཟོར་རྩེ་མོ་ཕར་ལ་བསྟན་ན་བཟང་ལ་ཚུར་ལ་བསྟན་ན་ངན་པས་བསྐྱར་རོ།། ལན་གསུམ་ནས་སླར་དགོས་ཚེ། གཞི་ནས་དབལ་ཟོར་མདེལ་བཅའ་ལ་བསྐྱར་རོ།། ཟོར་འཕེན་རང་མལ་གནས་སུ་སླེབས་པ་དང་། གུར་ཁང་གསལ་གདབ། བསྲུབ་བྱ་རྣམས་གུར་ཁང་ནང་དུ་སྒོམ། སྲུང་སྔགས་ཟློག་སྔགས་ཀུན་བགྲང་བའོ།། དེ་ལྟར་བྱས་པའི་ཡོན་ཏན་གྱིས། བྱད་ཁ་སྟོང་གི་མི་ཚུགས་སོ།། སྟག་ལ་མེ་འབར་ཅི་ཟིན་འདི་ཡིས་ཟིན།། སྙིང་དང་འདྲ་བའི་སྲུང་བ་ཡིན།། སྟག་ལ་མེ་འབར་ཐུགས་ཀྱིས་བརྣག་པའི་སྲུང་ཟློག་ལགས་སོ།། ཀུན་ལ་མ་སྤེལ་ཅིག རྒྱུང་ཡར་མུ་ཁོད་ཀྱིས་གཅེས་པའི་གདམས་པ་སྙིང་དང་འདྲ་བ་འདི། མང་མཁར་ལྕགས་འཕྲང་བྲག་ལ་སྦས། ཕྱི་རབས་ལས་འཕྲོ་ཅན་དང་འཕྲད་པར་ཤོག ཅེས་སྨོན་ལམ་བཏབ་པས། ཕྱིས་སུ་དཔོན་གསས་ཁྱུང་རྒོད་རྩལ་གྱིས་གཏེར་ནས་བཏོན་པའོ།། རྒྱ་རྒྱ་རྒྱ། སྦས་རྒྱ། ཟབ་རྒྱ། གསང་རྒྱ། དགེ་ཞིང་བཀྲ་ཤིས་སོ།། དཔེ་རྒྱུན་འདྲ་མིན་གཉིས་ཙམ་ཡོད་པ་ལས། གཡུང་དྲུང་ཕུན་ཚོགས་ཀྱི་ཕྱག་དཔེ་ལས་བཤུས་ཏེ།། བསྟན་དང་བསྟན་འཛིན་སྲུང་བའི་ལྕགས་རི་ལ།། མི་ཟད་ཚོན་གྱི་པར་དུ་ལེགས་པར་བསྐྲུན།། སརྦ་མངྒ་ལཾ།།