༄༅།།བྲག་བཙན་རླུང་རྟ་བསམ་དོན་ཀུན་འགྲུབ་བཞུགས་སོ།།

文摘   文学   2024-12-22 11:20   青海  

༄༅།།བྲག་བཙན་གཡུང་དྲུང་དགྲ་འདུལ་རྩལ་གྱི་ཀླུང་རྟ་བསམ་དོན་ཀུན་འགྲུབ་བཞུགས་སོ།



  བསྭོ། ལྷག་པའི་ལྷ་མཆོག་གཡུང་དྲུང་དགྲ་འདུལ་རྩལ། །མ་གཡེལ་མ་གཡེལ་ཐ་ཚིག་དམ་མ་གཡེལ། །མ་འདའ་མ་འདའ་སྒྲུབ་གཤེན་གྲོགས་ལ་བྱོན། །མ་འཕང་མ་བསྙེལ་བཅོལ་བའི་ལས་ཀུན་སྒྲུབས། །མཐུ་སྟོབས་དྲེགས་པའི་དབང་ཕྱུག་བྲག་བཙན་རྗེ། །བསྟན་པ་བསྲུང་ཕྱིར་ཁྱེད་ལ་འོ་དོད་འབོད། །འཕྲིན་ལས་བསྒྲུབ་ཕྱིར་ཐུགས་དམ་གནད་ནས་བསྐུལ། །གནད་ནས་བསྐུལ་ལོ་མ་ཐོགས་མྱུར་དུ་བྱོན། །རིག་འཛིན་གོང་མའི་གདུང་སོབ་སྒྲུབ་གཤེན་ངས། །བསྙེན་སྒྲུབ་མཆོད་བསྟོད་ཆུ་བོའི་རྒྱན་བཞིན་འབད། །དམ་རྫས་རྟེན་དང་གཏོར་མ་རི་ལྟར་སྤུངས། །དཀའ་བ་དང་དུ་བླངས་ནས་ཁྱེད་བསྒྲུབ་ན། །སྒྲུབ་གཤེན་རླུང་རྟ་དར་བའི་འཕྲིན་ལས་མཛོད། །རྒུད་པའི་ཀླུང་རྟ་གསོས་ལ་དཔལ་ཁ་བསྐྱེད། །ཞི་བའི་ལས་བྱེད་དར་དཀར་རལ་ཀ་གསོལ། །ཚེ་བུམ་ཞགས་པ་འཛིན་ཞིང་རྟ་སྔོན་བཅིབས། །མཆོད་གཏོར་འདི་བཞེས་རྒུད་པ་ཀུན་གསོལ་ལ། །འགལ་རྐྱེན་བར་ཆོད་ཞི་བའི་ཀླུང་རྟ་བསྐྱེད། །རྒྱས་པའི་ལས་མཛད་འདོད་འབྱུང་ནོར་བུ་དང་། །བཙན་ཞགས་འཛིན་ཞིང་གསེར་གྱི་སེང་གེར་བཅིབས། །མཆོད་གཏོར་འདི་བཞེས་རྒུད་པའི་ཀླུང་རྟ་གསོས། །ཚེ་བསོད་དཔལ་འབྱོར་རྒྱས་པའི་ཀླུང་རྟ་བསྐྱེད། །དབང་གི་ལས་མཛད་དབང་མདོག་སྟག་ཆས་ཅན། །བཙན་རྟ་ཞོན་ནས་ལྕགས་ཀྱུ་ཞགས་པ་འཛིན། །ཞལ་ནས་ནོར་བུའི་ཆར་འབེབ་དངོས་གྲུབ་སྟེར། །མཆོད་གཏོར་འདི་བཞེས་རྒུད་པའི་ཀླུང་རྟ་གསོས། །ཁམས་གསུམ་དབང་དུ་སྡུད་པའི་ཀླུང་རྟ་བསྐྱེད། །དྲག་པོའི་ལས་བྱེད་དྲ་ནག་རྟིང་དཀར་བཅིབས། །འཇིགས་རྔམ་གཏུམ་དྲག་སྤུ་གྲི་ཞགས་པ་འཛིན། །མཆོད་གཏོར་འདི་བཞེས་རྒུད་པའི་ཀླུང་རྟ་གསོས། །གྲན་ཁམས་ཆེམ་ལ་འབེབ་པའི་ཀླུང་རྟ་བསྐྱེད། །མདོར་ན་ཕ་ཁུ་བཞིན་དུ་ཁྱོད་བཀུར་ན། །བུ་དང་ཚ་བོ་བཞིན་དུ་བསྲུང་སྐྱོབ་མཛོད། །སྤུན་དང་ཤག་རོགས་བཞིན་དུ་ཁྱོད་མཆོད་ན། །མནའ་དང་ཆད་དོའི་གཉེར་ཁ་དང་དུ་ལོངས། །བྲན་དང་གཡོག་འཁོར་ལྟར་དུ་ཁྱོད་བསྐུལ་ན། །ཐོགས་ཆགས་མེད་པར་རྣམ་བཞིའི་འཕྲིན་ལས་སྒྲུབས། །ཉིན་གསུམ་འགྲོ་ན་སྟེང་ནས་གདུགས་ལྟར་སྐྱོབས། །མཚན་གསུམ་འགྲོ་ན་ཙན་དན་དྲི་ལྟར་འགྲོགས། །གཞི་བྱེས་ལམ་གསུམ་གང་དུ་འགྲོ་འདུག་ཀྱང་། །ལེགས་ཚོགས་ཀུན་སྤྲོས་ཉེས་ཚོགས་རིང་དུ་བཤོལ། །བསམ་པའི་དོན་ཀུན་འགྲུབ་པའི་ཀླུང་རྟ་བསྐྱེད། །སྙན་པའི་གདུགས་དཀར་སྲིད་པའི་རྩེ་མོར་བསྒྲོངས། །གྲགས་པའི་དུང་དཀར་རི་རྒྱལ་ངོས་ནས་སྒྲོགས། །བསྟན་པའི་མངའ་ཐང་བ་དན་ཕྱོགས་བཅུར་ཕྱོར། །ཅི་བསམ་དོན་རྣམས་ལྷུན་གྱིས་གྲུབ་པ་ཡི། །འཕྲིན་ལས་ནོར་བུ་དབང་རྒྱལ་ལྟ་བུར་མཛོད། །བསྭོ་བསྭོ་ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །


苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章