མཐོ་སྒང་གི་མི།
高原人
གཞས་ཚིག རུ་དམ་སྐལ་བཀྲ།
གཞས་གདངས། གྲུ་བ་བསམ་འགྲུབ།
ལེན་མཁན། ཨ་ཅག་ཚན་སྡེབ།
རྩི་ཤིང་སྨན་གྱི་རི་ལ།།
གངས་དང་ཆར་བ་ཆེ་ཡང་།།
སྦྲ་ཆུང་གཡུ་ཡི་སྒམ་བུ།།
སྐུ་ལ་ཉི་ཟླ་འཆར་ཡོད།།
སྒོ་ཕྱུགས་ནོར་བུ་སུམ་འཛོམས།།
གཡང་ལ་བྲི་ཆག་མི་དགོས།།
དཀར་པོ་འོ་མའི་མཆོད་པ།།
ཡེ་ཤེས་ལྷ་ལ་འཕངས་ཡོད།།
ནམ་མཁའ་གཡུ་ཡི་དགུང་ལ།།
རླུང་དང་བསེར་བུ་ལྡང་ཡང་།།
སྦྲ་མགོའི་དར་ཅོག་སེར་པོ།།
གསུང་ལ་བདུད་རྩི་བབས་ཡོད།།
ཡིག་དྲུག་གསེར་གྱི་སྙིང་པོ།།
འགངས་ལ་ཉམས་ཆག་མི་དགོས།།
བྱིན་རླབས་འོད་ཀྱི་ཐིག་ལེ།།
འཛམ་བུ་གླིང་ལ་ཕབ་ཡོད།།
འཚོ་དབུགས་དྭངས་མའི་ཁམས་ལ།།
སྤྲིན་དང་སྨུག་པ་བསིལ་ཡང་།།
སྦྲ་མཐའི་བོད་པ་སྨུག་པོ།།
ཐུགས་ལ་མེ་ཏོག་བཞད་ཡོད།།
སྤྲོ་སྐྱིད་ནང་གི་དགོད་སྒྲ།།
གོམས་ལ་ལྷོད་ཆག་མི་དགོས།།
ཆོག་ཤེས་ནོར་གྱི་རྒྱལ་པོ།།
སྙིང་གི་དབུས་ལ་བཞུགས་ཡོད།།