ཕྲེང་བ།
念珠
གཞས་ཚིག རུ་དམ་སྐལ་བཀྲ།
གཞས་གདངས། གངས་ཅན་པ་སྒྲོལ་མ་སྐྱབས།
གཞས་པ། གངས་ཅན་པ་སྒྲོལ་མ་སྐྱབས།
གཡུ་བྱུར་སྟར་ལ་བརྒྱུས་ཡོད།
སྟར་ལ་བྱིན་རླབས་བྲན་ཡོད།
བྱིན་རླབས་འབར་བའི་ཕྲེང་བ།
བོད་མིའི་མགུལ་ན་བཞུགས་ཡོད།
ཡབ་མེས་པོས་འགྲོ་དྲུག་ཞིང་ལ་འདེད་པའི་ཕྱག་མཚན།
མ་སྲུ་མོས་འདི་ཕྱི་བདེ་ལ་དྲངས་བའི་བསྔོ་བྱང་།
ངས་སྐྱབས་འཇུག་གི་སྨོན་ལམ་བསྒྲིག་སའི་ཕྲེང་བ།
ལན་གསུམ་བགྲངས་བའི་ཕྱོགས་ལ།
ཐར་ལམ་གྱི་དབུ་ཁྱུད་བྲིས་ཡོད།
ཞགས་གསུམ་བསྙེན་པའི་རྗེས་ལ།
འཁོར་བ་ཡི་ལམ་པ་བསུབས་ཡོད།
ཨེ་མ་་་་་་་་རིན་ཆེན་གྱི་ཕྲེང་བ། ཨེ་མ་་་་་་་་རིན་ཆེན་གྱི་ཕྲེང་བ།
བོད་མིའི་དད་འདུན་གྱི་དོན་ཡོད་ཞགས་པ།
སྲིད་པའི་གཙུག་ན་དཔྱོང་བའི་སྙན་ཤལ་ཡིན་ནོ།།
གསེར་དངུལ་རྒྱན་ལ་བསླས་ཡོད།
རྒྱན་ལ་གཟུངས་རིས་ཕབ་ཡོད།
གཟུངས་རིས་ཚེས་པའི་ཕྲེང་བ།
བོད་མིའི་ཕྱག་ན་བཞུགས་ཡོད།
བན་སེར་མོས་གཞུང་བརྒྱ་རྩོད་ལ་འཕྱར་བའི་ཕྱག་མཚན།
ཡུལ་ཕོ་མོས་ཡིག་དྲུག་དབྱངས་ལ་འདྲེན་པའི་བསྔོ་བྱང་།
ངས་དངོས་གྲུབ་ཀྱི་འོད་སྣང་འཇོ་སའི་ཕྲེང་བ།
ལན་གསུམ་བགྲངས་བའི་ཕྱོགས་ལ།
ཐར་ལམ་གྱི་དབུ་ཁྱུད་བྲིས་ཡོད།
ཞགས་གསུམ་བསྙེན་པའི་རྗེས་ལ།
འཁོར་བ་ཡི་ལམ་པ་བསུབས་ཡོད།
ཨེ་མ་་་་་་་་རིན་ཆེན་གྱི་ཕྲེང་བ། ཨེ་མ་་་་་་་་རིན་ཆེན་གྱི་ཕྲེང་བ།
བོད་མིའི་དད་འདུན་གྱི་དོན་ཡོད་ཞགས་པ།
སྲིད་པའི་གཙུག་ན་དཔྱོང་བའི་སྙན་ཤལ་ཡིན་ནོ།།