༼གྱ་སྟོན་དད་དབྱངས་མེ་ཏོག༽
དེ་རིང་བཀྲ་ཤིས་ཉིན་མར་དཔལ་ལྡན་ས་སྐྱ༧གོང་མ་རིན་པོ་ཆེ།།
དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུ་ཡི་གྱ་སྟོན་རྟེན་འབྲེལ་ཉིན་མོ་ལ།།
བུ་ངའི་སེམས་ཀྱི་དྲི་མེད་ཁ་དར་དཀར་པོ་ཡིས།།
ནུབ་ཕྱོགས་ཡོ་རོབ་གླིང་ནས་དྲིན་ཆེན་རྩ་བའི་བླ་མའི་གྱ་སྟོན་བསུ།།
ང་ཡི་རྩ་བའི་བླ་མ།
མཛད་འཕྲིན་མཁའ་དང་མཉམ་པའི་སྨོན་ལམ་འདེབས།།
དེ་རིང་བཀྲ་ཤིས་ཉིན་མར་ལྷ་རིགས་འཁོན་གདུང་རྗེ་བཙུན་ས་སྐྱ་པ།།
བརྒྱད་ཅུ་དཔལ་ལ་བཞད་པའི་བསྐལ་བཟང་དུས་སྟོན་ཆེན་མོ་ལ།།
བུ་ངས་དད་པའི་དབྱངས་ཀྱི་མེ་ཏོག་མཆོད་པ་འདི།།
རྒྱང་རིང་ས་མཐའི་ཡུལ་ནས་དྲིན་ཆེན་རྩ་བའི་བླ་མ་ཁྱེད་ལ་ཕུལ།།
ང་ཡི་རྩ་བའི་བླ་མ། སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་འདེབས།།
ང་ཡི་རྩ་བའི་བླ་མ་རྒྱལ་བ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་མཆོག།
དགུང་གྲངས་བརྒྱད་ཅུའི་བར་དུ་བསྟན་འགྲོའི་དོན་དུ་མཛད་འཕྲིན་བསམ་མི་ཁྱབ།།
ཁྱེད་ཀྱི་བཀའ་དྲིན་ནམ་མཁའི་ཉི་མ་ལས་ཀྱང་གསལ་བས།།
བདག་ཅག་སློབ་འབངས་ཡོངས་ཀྱིས་ཁྱེད་ཀྱི་བཀའ་དྲིན་ནམ་ཡང་སེམས་ནས་དྲན།།
ང་ཡི་རྩ་བའི་བླ་མ་་་ཁྱེད་ཀྱི་ཐུགས་བཞེད་ལྷུན་གྱིས་འགྲུབ་པར་ཤོག།
ང་ཡི་རྩ་བའི་བླ་མ་ལྷ་རིགས་འཁོན་གདུང་རྗེ་བཙུན་ས་སྐྱ་པ།།
དགུང་གྲངས་བརྒྱད་ཅུར་བཞད་པའི་བསྐལ་བཟང་དུས་སྟོན་ཆེན་མོ་ལ།།
བུ་ངས་དད་པའི་དབྱངས་ཀྱི་མེ་ཏོག་མཆོད་པ་འདི།།
རྒྱང་རིང་ས་མཐའི་ཡུལ་ནས་དྲིན་ཆེན་རྩ་བའི་བླ་མ་ཁྱེད་ལ་ཕུལ།།