འཁྲུངས་གཞས་དད་པའི་མཆོད་སྤྲིན།
གཞས་ཚིག་རྩོམ་པ་པོ། གོ་གསོས་སྨན།
དབྱངས་རྩོམ་མཁན། དཔལ་ལྡན་ཚུལ་ཁྲིམས།
གཞས་པ། དཔལ་ལྡན་ཚུལ་ཁྲིམས། སྡེ་དགེ་ཀརྨ།
དྲི་བ།༽
ཆུ་འབྲི་ཆུ་གཙང་པོ་བོད་ཀྱི་ཆུ།།
ཉ་གསེར་མིག་འཁྱུག་ས་རྩེན་ས་རེད།།
ཆུ་འདི་ཡི་ཤར་འགྲམ་གནས་པའི་སྡེ།།
རྗེ་བླ་མ་གང་གི་འཁྲུངས་གནས་ཡིན།།
ལན།༽
ས་གཡང་ཆགས་གཡང་གི་སྡེ་བཞི་འཁྱིལ།།
ཆོས་རིག་གཞུང་དར་ས་གནས་ས་འདི།།
ས་གོ་ལའི་སྟེང་གི་སྐྱེ་འགྲོའི་མགོན།།
རྗེ་པདྨ་དོན་ཡོད་འཁྲུངས་ཡུལ་རེད།།
དྲི་བ།༽
ཤར་སྡེ་དགེ་དཔལ་སྤུངས་ནགས་ཀྱི་ས།།
ནགས་རྒྱ་རྫོང་སྨུག་ཞག་འཁྱིལ་ལེར་ཡོད།།
ནགས་སྤང་རི་བར་གྱི་དགོན་ཆེན་འདི།།
རྗེ་བླ་མ་གང་གི་གདན་ས་ཡིན།།
ལན།༽
ཕྱི་མཚན་ཉིད་ཐེག་པའི་བསྟན་པ་རྒྱས།།
ནང་བཀའ་ཕྱག་གདམས་པའི་མན་ངག་ཚང་།།
སྒོས་མཁས་གྲུབ་བྱེ་བའི་སྟི་གནས་འདི།།
མགོན་པདྨ་དོན་ཡོད་གདན་ས་ཡིན།།
དྲི་བ།༽
གནས་ལྔ་རིག་དཔལ་ཀུན་སྤུངས་པའི་ཁྲིར།།
ཆོས་བཀའ་ཕྱག་འཆད་ལ་ཟླ་བྲལ་བའི།།
རྗེ་བྱམས་མགོན་མི་ཡི་དབང་པོ་ལ།།
ངོ་མཚར་བའི་མཛད་པ་ཅི་འདྲ་ཡོད།།
ལན།༽
གཞི་ཚུལ་ཁྲིམས་གསུམ་གྱི་ངོ་བོ་གཙང་།།
ནང་ཉམས་རྟོགས་བསྟན་པའི་ཉི་མ་ཤར།།
རྗེ་རྒྱལ་བའི་དབང་པོ་ཁྲི་ལ་བཀོད།།
སྐུ་མཛད་པས་མཚོ་བཞི་གླིང་ལྔར་ཁྱབ།།
མཉམ།༽
གནས་ཡིད་དགའ་ཆོས་འཛིན་ཕོ་བྲང་ནས།།
རྗེ་རྒྱལ་ཚབ་བྱམས་མགོན་མི་ཡི་གར།།
མ་འགྲོ་བའི་དོན་དུ་བསྟན་མཛད་པའི།།
མགོན་པདྨ་དོན་ཡོད་ཁྲི་ལོར་ཤོག།