༈ མིའི་སེམས།

文摘   2024-10-29 19:13   西藏  

     

༈ མིའི་སེམས།

 ❤️


ཆུང་ཆུང་དུས་སུ་མི་ཆེན་འགྱུར་ན་སྙམ། །

མི་ཆེན་དུས་སུ་ཆུང་དུས་ཡིད་སྨོན་བྱེད། །

ད་ལྟའི་དུས་སུ་མ་འོངས་མདུན་ལམ་སེམས། །

མ་འོངས་དུས་སུ་ད་ལྟ་ཕྱིར་དྲན་བྱེད། །


རང་ཡུལ་འདུག་དུས་མི་ཡུལ་འགྲིམ་སྙིང་འདོད། །

མི་ཡུལ་སླེབས་ཚེ་རང་གི་ཕ་ཡུལ་དྲན། །

ཡུན་རིང་གཤིབ་ཚེ་བཟའ་གྲོགས་ཡིད་ལ་གཟན། །

ཡུན་རིང་འབྲལ་ཚེ་བཟའ་གྲོགས་སེམས་ལ་འཁོར། །


རབ་བྱུང་ཡུན་སོང་ཁྱིམ་པའི་གནས་ལ་དད །

ཁྱིམ་པ་ཚེ་ཟད་རབ་བྱུང་འཚོ་བར་སྨོན། །

ལ་རྩེར་ལུས་དུས་ལུང་གཏིང་བབ་པར་འདོད། །

ལུང་གཏིང་འདུག་ཚེ་ལ་རྩེར་འཛེག་སྙིང་འདོད། །


གྲོང་ཁྱེར་བ་ཡིས་གྲོང་གསེབ་འཚོ་བར་སྨོན། །

གྲོང་གསེབ་པ་རྣམས་གྲོང་ཁྱེར་ལོངས་སྤྱོད་མོས། །

བོད་ཡུལ་བ་རྣམས་རྒྱ་ཡུལ་འཁྱམས་པར་འདོད། །

རྒྱ་ཡུལ་མི་རྣམས་བོད་ཡུལ་བསྐོར་སྙིང་འདོད། །


རང་ལ་མ་ཐོབ་རང་གི་ཆུང་མ་བཟང་། །

རང་ལ་ཐོབ་དུས་གཞན་གྱི་ཆུང་མ་བཟང་། །

དཀར་ཟས་ཟ་དུས་དམར་ཟས་འགྲམ་ཆུ་ལྡང་། །

དམར་ཟས་རགས་དུས་དུད་ཆང་ཨ་རག་དྲན། །


འདི་ནི་འགལ་འདུ་ཚོགས་པའི་མི་ཚེ་སྟེ། །

འདི་ལ་མཐའ་མེད་འདོད་པའི་མི་སེམས་ཟེར། །

འདི་ནི་འཁོར་བའི་སེམས་ཀྱི་ཆོས་ཉིད་སྟེ། །

འདི་ལ་རང་བྱུང་ཁམས་ཀྱི་སྒྲིགས་གཞི་ཟེར། །


རང་གིས་མ་བྱུང་ཇི་ལྟར་བྱས་ཀྱང་སྡུག །

རང་གིས་འཇོན་ན་གང་ལྟར་བྱས་ཀྱང་བདེ། །

མདོར་ན་རང་ཚོད་ཟིན་ན་ལེགས་མངོན་སྟེ། །

དབུ་མའི་ལམ་ཐིག་ཤེས་པ་མཆོག་ཏུ་གཅེས། །

                                      



རྣམ་མང་ཐོས་སྲས་དེས། ✍️

佛教与现代
༈ འདི་ན། གཏམ་གྱི་དགྲ་འཛིང་དང་། ཀླད་པའི་བཤག་བཅོས་ཡོད། 💐💐💐 ཉན་མ་ཤེས་ན་ཁྱོད་ཡིན། 🫵 བཤད་མ་ཤེས་ན་ང་ཡིན། 👌
 最新文章