༄༅། །བོད་པ་ཚང་ལ་གནས་ལུགས་བཤད་རེས་ཚང་། ༼སྨད།༽

文摘   2024-05-11 18:24   西藏  

                 

      

                                       ངལ་བསོའི་བུ། ✍🏻

 

རྩེད་མོ་བྱེད་དུས་དོན་དངོས་ཆགས་སྡང་རྩོད།།

དོན་དངོས་སྒྲུབ་དུས་གང་བྱུང་རྩེད་གཡེང་བྱེད།།

གང་བྱས་ལས་ལ་ནན་ཏན་མེད་པ་ཡི།།

རང་རིགས་བོད་ལ་གནས་ལུགས་བཤད་རེས་ཚང་།།


དམ་ཆོས་སྒྲུབ་པའི་ནང་དུ་ཁ་ཕོ་སྒྲུབ།།

འཇིག་རྟེན་སྒྲུབ་པའི་ནང་དུ་ཆོས་ཡོད་སྐད།།

གང་སྒྲུབ་ཐམས་ཅད་མ་དག་ཕྱི་ནང་ཅན།།

རང་རིགས་བོད་ལ་གནས་ལུགས་བཤད་རེས་ཚང་།།


རང་གི་ལམ་ལུགས་དེ་དང་མི་མཐུན་པའི།།

གནས་ལུགས་གསར་མཐོང་ཐམས་ཅད་ཁྱད་གསོད་ཀྱིས།།

བཙན་བཀག་བྱེད་བཞིན་གཟུ་བོ་ཡིན་མདོག་ཅན།།

རང་རིགས་བོད་ལ་གནས་ལུགས་བཤད་རེས་ཚང་།།


རང་གི་ཞེ་འདོད་དེ་དང་མཐུན་པ་ཡི།།

གསར་ཐོན་དངོས་རྫས་ཕལ་ཆེར་འདོད་རྔམས་ཀྱིས།།

དང་དུ་ལེན་བཞིན་བླངས་དོར་མཁས་མདོག་གི།

དེང་སང་བོད་ལ་གནས་ལུགས་སུ་ཡིས་བཤད།།


རང་རེའི་ཤེས་ཡོན་སྡེ་ཡི་མིང་ཁུར་ནས།།

རང་བཞིན་ཕྱི་སྐོགས་ཙམ་གྱི་རྗེས་འབྲང་བའི།།

རང་རང་གཟུ་བོར་གནས་པའི་སྐད་སྒྲ་ཅན།།

རང་རིགས་བོད་ལ་གནས་ལུགས་བཤད་རེས་ཚང་།།

ལ་ལ་རང་ཚུགས་དམ་པོར་བཟུང་ནས་འཁྲུལ།།

ལ་ལ་མདོ་མེད་གང་བྱུང་བྱེད་ཅིང་འཁྲུལ།།

ལ་ལ་དབུ་མ་ཡིན་སྙམ་རློམ་པས་འཁྲུལ།།

ལ་ལས་མི་བུ་ཚད་ལྡན་འཆམ་ནས་འཁྲུལ།།


སྙིང་པོ་ཡོད་པར་འཁྲབ་ལ་སྙིང་པོ་མེད།།

སྙིང་པོ་མེད་པར་འཁྲབ་ལ་སྙིང་པོ་མེད།།

སྙིང་པོ་མེད་ཟེར་མཁན་ལའང་སྙིང་པོ་མེད།།

སྙིང་པོ་ཅི་ཡང་མེད་པའི་མི་རིགས་ཤིག། 


འཆམ་པོས་འཆམ་པོ་རྣམས་ལ་བཀའ་སློབ་གནང་།།

འཁྲབ་པོས་འཁྲབ་སྟོན་གཞན་ལ་བསླབ་བྱ་བྱེད། 

ལོང་བས་ལོང་བ་ཁྲིད་པའི་ཐང་སྟོང་ནས།།

མིག་ལྡན་ལྷག་བསམ་ཅན་ལ་ལྷག་ཏུ་སྡང་།།


བསྟོད་པར་འདོད་ཚེ་སངས་རྒྱས་བྱང་སེམས་ཟེར།།

སྨད་པར་འདོད་ཚེ་བདུད་དང་དམ་སྲི་འདོགས།།

རང་བཞིན་མི་རྣམས་རང་གར་མི་འཇོག་པའི།། 

རང་རིགས་བོད་ལ་གནས་ལུགས་བཤད་རེས་ཚང་།།


དགའ་དུས་མི་གཙང་བ་ཡང་བཟའ་མདོག་ཅན།།

སྡང་དུས་རླུང་ཕྱོགས་ཙམ་ལ་འཛེམ་མདོག་མཁན།།

འགྱུར་ལྡོག་སོས་ཀའི་གནམ་བཞིན་གཡོ་བ་ཡི།།

རང་རིགས་བོད་ལ་གནས་ལུགས་སུ་ཡིས་བཤད།།


ཚེ་གཅིག་ཁ་ལྕེ་རླུང་ལ་རབ་བསྐུར་བའི།།

ཁ་ལ་འཇར་བའི་དམ་ཆོས་སྙན་མོ་དེ།།

ཁོག་གི་ཁ་ཕོ་ཡིན་མིན་མི་སེམས་པའི།།

རང་རིག་བོད་ལ་གནས་ལུགས་བཤད་རེས་ཚང་།།


གནས་ལུགས་དྲང་བདེན་དམ་ཆོས་རྣལ་མ་སོགས།།

བཤད་པའི་འུར་སྒྲ་ཆེ་བའི་བོད་འདི་རུ།།

ལག་ལེན་ལས་ཀྱང་ཁ་བཤད་སྟོང་པ་གཙོ།།

ཉམས་ལེན་ལེན་ལས་ཀྱང་ཁ་ཕོ་སྟོང་པ་གལ།།

ནང་དོན་ལས་ཀྱང་ཕྱི་སྐོགས་འཁྲབ་སྟོན་གནད།།


མདོར་ན་ཁུ་ཚུར་ཆེན་པོ་མེད་པ་ན།།

གནས་ལུགས་ཆེན་པོ་འགྲོ་ས་མེད་པ་ཡི།།

མི་ཡི་ལུས་ལ་གཅན་གཟན་གཤིས་ཀ་ཅན།།

མགོ་ནག་བོད་ལ་གནས་ལུགས་བཤད་རེས་ཚང་།།


མདོར་ན་རྒྱུ་ནོར་རྒྱབ་དཔུང་མེད་པ་ན།།

དྲང་བདེན་རྒྱུ་མཚན་འགྲོ་ས་མེད་པ་ཡི།།

མི་ཡི་ཚོགས་ལ་བྱོལ་སོང་རྣམ་རིག་ཅན།།

མགོ་ནག་བོད་ལ་གནས་ལུགས་བཤད་རེས་ཚང་།།


སྤྱི་དོན་ཁ་ཡག་བཤད་ལ་བོད་འདྲ་མེད།།

སྒེར་དོན་ལས་ངན་སྒྲུབ་ལ་བོད་འདྲ་མེད།།

ཁ་ཡིས་གཞན་དོན་ཟེར་ནས་འུར་བ་དེ།།

དོན་གྱིས་རང་དོན་ཡིན་མིན་རང་བསམ་ཐོངས།།


ཕྱི་མ་ཟེར་ནས་མི་ཚེར་འདུར་བ་དེ།།

ཚེ་འདི་ཡིན་མིན་རང་བསམ་རང་གིས་ཐོངས། 

འཆམ་ཞིང་འཁྲབ་པས་རང་མགོ་མ་བསྐོར་བར།།

ཡང་དག་དོན་ལ་ལྷོད་ཅིང་རང་ཚོད་ཟུངས།།

རྣམ་རྒྱལ། 



佛教与现代
༈ འདི་ན། གཏམ་གྱི་དགྲ་འཛིང་དང་། ཀླད་པའི་བཤག་བཅོས་ཡོད། 💐💐💐 ཉན་མ་ཤེས་ན་ཁྱོད་ཡིན། 🫵 བཤད་མ་ཤེས་ན་ང་ཡིན། 👌
 最新文章