༼ སྟོད་ཆ། ༽
ངལ་བསོའི་བུས། ✍🏻
གཏམ་དེའི་བདེན་རྫུན་རྒྱབ་ལྗོངས་མི་འཚོལ་བར།།
མི་དེའི་ཆེ་ཆུང་རྒྱབ་དཔུང་རྗེས་སྙོགས་པའི།།
ཁྱི་ངན་རྡོ་རྗེས་འདུར་བའི་ངང་ཚུལ་ཅན།།
རང་རིགས་བོད་ལ་གནས་ལུགས་བཤད་རེས་ཚང་།།
རྒྱུ་མཚན་ཞིབ་མོའི་འགྲོ་ལུགས་མི་སེམས་ཞིང་།།
རྩ་བ་གཏིང་གི་ཕན་གནོད་མི་དཔྱོད་པར།།
ཁ་ཕོ་གཞན་ཟེར་རྗེས་སུ་ཧོལ་རྒྱུག་མཁན།།
དེང་སང་བོད་ལ་གནས་ལུགས་བཤད་རེས་ཚང་།།
ཆེ་དྲག་མཐོན་པོའི་ངོ་ལ་ཁྱི་བཞིན་བལྟ།།
ཆུང་ངན་སྡུག་པོའི་མགོ་ལ་རྡོ་ལྟར་བརྫི།།
ཡང་དག་དྲང་པོའི་མི་ལ་བསྙད་འཚོལ་བའི།།
རང་རིགས་བོད་ལ་གནས་ལུགས་བཤད་རེས་ཚང་།།
ཁོང་གི་ཕུག་ནས་རང་འདོད་འབར་བཞིན་དུ།།
ལག་ལེན་དོན་ལ་རང་དོན་གཉེར་བཞིན་དུ།།
ཁ་ཡིས་གཞན་དོན་ཁོ་ནར་འབྲེལ་བཤད་མཁན།།
རག་རིག་བོད་ལ་གནས་ལུགས་བཤད་རེས་ཚང་།།
གནས་ལུགས་བདེན་པའི་མིང་གིས་ཁ་བརྒྱན་པའི།།
རང་འདོད་རྫུན་གྱི་བུམ་པ་གཙུག་ཏུ་བཀུར།།
དོན་དངོས་གནས་ལུགས་བཅུད་ཀུན་ཆུ་ལ་འབོ།།
གངས་ཅན་བོད་ལ་གནས་ལུགས་བཤད་རེས་ཚང་།།
གནས་ཚུལ་གཟུགས་ལ་བལྟ་བའི་མིག་ནི་ལོང་།།
བདེན་རྫུན་ངག་ལ་ཉན་པའི་རྣ་ནི་འོན།།
ཡིན་མིན་དོན་ལ་དཔྱོད་པའི་སེམས་ནི་སྨྱོས།།
རང་རིག་བོད་ལ་གནས་ལུགས་བཤད་རེས་ཚང་།།
རང་འདོད་མ་རིག་དུག་གིས་ཀླད་པ་འཐོམ།།
ཕྱོགས་ལྷུང་ཟོག་པོའི་གཏམ་གྱི་ཚེར་མ་རྩུབ།།
ཆགས་སྡང་ཨུ་ཚུག་ནག་པོའི་མིག་ཤེལ་མཐུག།
རང་རིགས་བོད་ལ་གནས་ལུགས་བཤད་རེས་ཚང་།།
རང་གནོད་ང་རྒྱལ་ཆེ་བའི་རི་ནི་མཐོ།།
གཞན་གནོད་ཨུ་ཚུགས་ཆེ་བའི་མཚོ་ནི་ཟབ།།
གཉིས་གནོད་ཕྲག་དོག་ཆེ་བའི་རླུང་ནི་རྒོད།།
རང་རིགས་བོད་ལ་གནལ་ལུགས་བཤད་ཐབས་བྲལ།།
བསྟན་པ་རྟགས་དང་འཁྲབ་སྟོན་ཙམ་ཉིད་དུ།།
བསམ་བཞིན་རང་གིས་བསྒྱུར་ནས་དེང་དུས་ཞེས།།
ནག་ཉེས་ཚང་མ་དུས་ལ་ཁག་འགེལ་བའི།།
རང་རིགས་བོད་ལ་གནས་ལུགས་བཤད་རེས་ཚང་།།
སོ་སོའི་སྒེར་གྱི་ཨོང་ཤའི་ཆབ་སྲིད་དང་།།
སོ་སོའི་ཁེ་ཕན་གནད་དང་འཕྲད་པ་ན།།
བདེན་དོན་སྤུ་ཙམ་འགྲོ་ས་མེད་པ་ཡི།།
རང་རིགས་བོད་ལ་གནས་ལུགས་བཤད་རེས་ཚང་།།
མི་ཚེ་བདེན་དོན་སྦྱང་བའི་ཚུལ་འཛིན་པའི།།
ཆེ་བཞིའི་ཆེ་བར་གྲགས་པའི་མཁས་མཁས་པོ།།
བདེན་དོན་འཁྱོག་པོར་བསྒྱུར་ལ་དེ་དག་ཐུ།།
རང་རིགས་བོད་ལ་གནས་ལུགས་བཤད་རེས་ཚང་།།
རང་དོན་ཁོ་ན་ལག་ཏུ་ལེན་བཞིན་དུ།།
གཞན་དོན་ཁོ་ནར་ཁ་ཡིས་འགྲེལ་བཤད་མཁན།།
ཁ་དང་ལག་པ་ཕྱི་ལོག་ལྟོ་རྒྱབ་ཅན།།
རང་རིག་བོད་ལ་གནས་ལུགས་བཤད་རེས་ཚང་།།
སྤྱི་དོན་ཁ་ལ་ཁྱེར་བའི་ཁ་སངས་རྒྱས།།
སྒེར་དོན་ཁོག་ནས་ཞིབ་པའི་ཁོག་དུག་རྒྱས།།
འཕྲོད་བསྟེན་ཙམ་ཡང་དོར་བའི་དོན་རུལ་སུང་།།
རང་རིགས་བོད་ལ་གནས་ལུགས་བཤད་རེས་ཚང་།།
སྤྱི་དོན་དྲང་པོར་ཡོད་ཚད་སྒེར་གྱིས་དགག།
སྒེར་དོན་འཁྱོག་པོ་ཡོད་ཚད་སྤྱི་དོན་བསྒྱུར།།
སྐྱོན་འཚང་ནང་དུ་སྦས་ནས་སྲུང་མཁས་པའི།།
རང་རིགས་བོད་ལ་གནས་ལུགས་བཤད་རེས་ཚང་།།
མཁྲིས་པས་ཀླད་ཡུ་འཁོར་ལ་མར་ཁུ་བཞིན།།
བདེན་དོན་ཞིབ་མོར་བརྗོད་པའི་དྲང་གཏམ་ནི།།
ནམ་ཡང་ཕྱོགས་ཞེན་ཞེ་ལ་མི་འབབ་པས།།
རང་རིགས་བོད་ལ་གནས་ལུགས་བཤད་རེས་ཚང་།།
རྣམ་རྒྱལ།