༈ ཚེ་བཀྲའི་ཞལ་ལ་ཕུལ་བའི་ཚ་ལ།

文摘   2024-09-20 11:32   西藏  

  

གནམ་ས་འབྲུག་གྲགས། 

   དེ་ཡང་རག་མགོ་མཆོག་སྤྲུལ་གྱིས་རྙིང་མའི་ཆེ་བ་བཤད་པ་ལ། ལོ་རྒྱུས་པ་ཚེ་དབང་བཀྲ་ཤིས་ཧ་ཀྱང་མ་རངས་བའི་ཚུལ་གྱིས་མང་པོ་ཞིག་བྲིས་འདུག་པའི་བརྗོད་བྱའི་ཡང་སྙིང་ནས་བཟུང་ཏེ་ཅུང་ཟད་གླེང་ན། དང་པོ། 

 དེ་སོགས་མང་དུ་འུར་བ་དེ་ཀུན། མིའི་གོ་བའི་མི་སྐད་ཚིག་གཉིས་སུ་མདོར་སྡོམ་ནས་སྒྲོག་བཀྲོལ་ན། 

  སྤྲུལ་སྐུས་འདིར་གནས་ལུགས་ཞིག་བཤད་པ་ཙམ་ལ་ནག་ཉེས་ཆེ་མདོག་གིས་སྒྲུང་མང་ཙམ་ཞིག་བགྲང་བ་དེ་རེད།  

  དོན་ངོ་མ་བཤད་ན་དུས་དེ་དག་གི་སྐབས་སུ་བོད་འདིར་གསར་མ་ཞེས་པའི་མིང་ཙམ་ཡང་མེད་པར། ཚང་མ་ལ་བསྟན་པ་ཡོངས་རྫོགས་གསང་ཆེན་སྔ་འགྱུར་བའི་ཆོས་ཀྱིས་ཁྱབ་པར་བརྡལ་བའི་དུས་ཡིན་བཞིན་དུ།  མིང་སྙན་པོ་ཅན་གྱི་ཆོས་བརྒྱུད་དང་གྲུབ་མཐའ་འདྲ་མིན་དེ་འདྲ་མང་པོ་ཞིག་གསར་དུ་དར་ཁྱབ་སྤེལ་གསུམ་མམ། དེང་སང་སྐད་དུ་ཕྱོགས་ཀུན་ཏུ་ཆོས་བསྒྱུར་གྱི་བྱེད་སྒོ་ཆེན་པོ་དེ་འདྲ་ཞིག་གང་འདོད་དུ་སྤེལ་ཡོད་ཀྱང་། ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ཀྱི་ཐོག་ཏུ་དེ་དག་སུ་གཅིག་ལ་ཕར་འཐབ་རྩོད་ཀྱིས་རྒོལ་ཆེན་གཅིག་ཀྱང་རྩོམ་མྱོང་མེད་པ་འདི།  གནས་ལུགས་ཁོ་རང་གིས་ཚུར་འགྲེལ་བཤད་བྱས་པའི་འཛམ་གླིང་ཆོས་བརྒྱུད་ཀུན་གྱི་ལོ་རྒྱུས་ཀྱི་ཁྲོད་དུ་སློབ་དཔོན་རིན་པོ་ཆེའི་བརྒྱུད་པ་འདི་ཁོ་ན་མི་འདྲ་འབུར་དུ་དོད་པའི་ཁྱད་པར་གསལ་བར་གྲུབ་པ་ཡིན་པ་དེ་ཤེས་པར་གྱིས།  

  ལར་ཁྱེད་རང་ལྟར་ན་ལ་ལས་གནའ་ནས་ད་ཡི་བར་དུ་བར་མཚམས་མེད་པར་དོན་དངོས་ཐོག་ནས་དེ་ལྟར་ལག་ལེན་སྟར་ཆོག་ལ། ལ་ལས་དེ་ལ་དེ་ལྟར་བྱས་པ་ལ་བྱས་པ་ཙམ་ཡང་བརྗོད་མི་ཆོག་པ་འདི་ཕུ་ཊིན་ཆོས་པའི་གནས་ལུགས་ཞིག་ཡིན་པ་མིན་ནམ།  ཧ་ཧ། 

👆ཡང་དེ་དག་ཀྱང་མི་སྐད་དུ་ཚུར་བསྒྱུར་ནས་བཤད་ན།

  འདིར་གསར་མའི་སྐྱེས་ཆེན་བཟང་པོ་ཡ་ཟུང་ཞིག་གི་བཟང་ངོས་ནས་ཅུང་ཙམ་གླེང་ནས་སོ་སོའི་ཆོས་བརྒྱུད་དག་གི་ལོ་རྒྱུས་དེ་དག་སྐྱོན་མེད་དཀར་རྐྱང་ཡིན་མདོག་ལྟ་བུ་ཞི་བསྟན་པ་ཡིན་ཡང་།  དེ་མིན་དངོས་སུ་ཆོས་བརྒྱུད་སྡེ་རིས་སུ་བཅད་ནས་བསྟན་སེལ་སྡེ་འཁྲུག་བསླང་བའི་ལོ་རྒྱུས་མ་བཤད་རང་དྲན་གྱི་དོན་རྐྱེན་ཞེ་མེར་བ་དེ་དག་རང་རང་གི་དར་ཆ་ཁྲ་ཁྲ་དེ་ཚོའི་ཀློང་དུ་ཡར་རྒྱས་བཏབ་བཞག་པ་ཨེ་ཡིན།  🇵🇰🇰🇷🏴󠁧󠁢󠁷󠁬󠁳󠁿

  ཡང་ན་ཁྱོད་རང་གིས་འོག་འདིར་ཁ་ཚོན་ཆོད་པོས་གྲུབ་ཆེན་ལྷ་ལུང་དཔལ་རྡོར་ལ་ཞྭ་ནག་ཞིག་གཡོགས་པའི་རིགས་པ་དེས་དེད་ན། གོང་དུ་ར་མགོ་མཆོག་ལ་བཙན་སྦུབས་བྱས་པའི་ནག་ཉེས་དེ་དག་རང་གི་མགོ་ལ་རང་འཇར་དུ་གྱུར་ནས།  ཞྭ་ནག་དེ་དག་ཀྱང་སོ་སོས་བགྲངས་ཟིན་པའི་སྣ་ཚོགས་མཛེས་པའི་དབུ་ཞྭ་ཅན་དེ་ཚོའི་དབུ་ལ་ཞྭ་བརྩེགས་རེ་བརྒྱབ་བཞག་པ་མིན་ནམ།  གང་ནས་གང་དུ་འཁོར་གིན་འདུག་པ་ཤེས་སམ།  😇

  སྤྱིར་གནས་ལུགས་ལ་གཏན་ནས་མགོ་མི་སྒུར་བའི་མི་དག་དང་གནས་ལུགས་རྩོད་པ་འདི་ངལ་བའི་གནས་ཞིག་ལས་ཅི་ཡང་མེད་ཀྱང་།

  དེ་ལྟར་བློ་ལྡན་རྣམས་ཀྱིས་མཐོང་བཞིན་པའི་དྲེད་པོ་རུལ་སུང་འགའ་རེའི་ནང་ཆའི་ནད་ངན་རྣམས་ལྟས་ངན་རང་གསང་ཀྱི་ཚུལ་དུ་ཡན་པར་མི་བཏང་བར།  ཡ་རབས་ལྷག་བསམ་གྱི་སྒོ་ནས་ཐེར་འདོན་ཅུང་ཟད་རེ་བྱས་ནའང་རང་རིགས་སྤྱི་ལ་འཕྲོད་པའི་སྨན་ཞིག་ཏུ་འགྱུར་ཡང་སྲིད་སྙམ་པས་ཟུར་ཙམ་ཞིག་གླེང་བ་ཡིན།  

རང་མགོ་རུལ་བ་སྣ་ཡིས་མ་ཚོར་བཞིན། །

རག་མགོ་མཆོག་ལ་རིག་པ་འགྲན་ཁུལ་རྣམས། །

རང་གཤིས་དྲི་ངན་ཕྱི་རུ་ཤོར་ཙམ་ལས། །

རག་སྤྲུལ་ཕྱོགས་ལ་རྡུལ་ཙམ་སོང་བ་མེད། ། 


རང་རང་ཕྱོགས་ཞེན་དུག་གིས་མྱོས་བཞིན་དུ། །

ཀུན་ལ་ཆགས་སྡང་རེད་ཅེས་རྒྱུན་སྒྲོག་མཁན། །

ཁ་ཕུག་དེ་རུ་ཁྱི་ལུད་དགུ་བརྫངས་ནས། །

དེ་ལ་སྒོ་ལྕགས་བཅུ་རེར་གདབ་ཀྱང་འོས། །

ཞེས་ཀྱང་སྨྲའོ།།

      འདི་དག་ཀྱང་མདོར་ན། སྦ་བཞེད་ཀྱི་ཡིག་རྙིང་གསར་རྙེད་ལ་མ་རངས་པས།  སྡེ་པ་གཞུང་ལ་རྟ་དཀར་པོ་ཅིག་ལས་མེད་རབས་ཀྱི་ལོ་རྒྱུས་ལྟ་བུའི་དཔྱད་རིན་མེད་པའི་མུ་ཅོར་ཙམ་ཞིག་རེད། 


འདི་ཚོ་ཡང་མི་སྐད་ཚིག་གཉིས་སུ་ཚུར་བསྒྱུར་ནས་བཤད་ན།

  གཅིག་པུར་བཅད་རྒྱ་ཡིས་བརྩོན་པས་ཤེས་རབ་མི་འཕེལ་བར་མགོ་ཇེ་རྨོངས་སུ་འགྲོ་ཞིང་། མང་མང་ཟང་ཟིང་གི་ཁྲོད་ནས་ཆགས་སྡང་ལ་རོལ་བས་མཁྱེན་དཔྱོད་ཇེ་ཆེར་འགྲོ་སྐད་ལྟ་བུའི་རྒྱུ་ལོག་འདི་ཡང་།  གཅིག་པུར་ཟག་པ་ཟད་ནས་ཀུན་མཁྱེན་བརྙེས་པའི་བདག་ཅག་གི་སྟོན་པའི་མཛད་པ་དང་གསུངས་པ་གཉིས་ཀའི་བདེན་པ་ལ་རྡོག་བརྫིས་ཀྱིས་ངོ་རྒོལ་ཐབས་རྡུག་ཞིག་ཡིན་པར་མ་ཚད།  གཅིག་པུར་བརྩོན་པ་བསྐྱེད་པས་ཤེས་རབ་ཀློང་རྡོལ། གནས་ལུགས་གཏིང་མཐོང་བའི་གནའ་དེང་ཤར་ནུབ་ཀྱི་སྐྱེས་ཆེན་བགྲང་འདས་ཞིག་ལ་ཡང་། མ་ཤེས་བསྐུར་འདེབས་ཀྱི་མཆིལ་སྣབ་གང་འདོད་དུ་དོར་བ་ཞིག་ཀྱང་རེད།  

ཡང་ཁྱོད་ལ་ངལ་གསོའི་བསྟོད་གླུ་ཞིག་འབུལ་སྟེ། 


གནའ་བོའི་མཁས་དབང་རོང་ཀློང་རྣམ་གཉིས་དང་།།

རང་བྱུང་རྡོ་རྗེ་མི་ཕམ་རྣམ་པར་རྒྱལ།།

དེང་རབས་མཁས་པ་ཨེ་ཡིན་སི་ཏན་དང་།།

ཧོ་ཅིན་ལ་སོགས་གཅིག་པུར་གནས་པས་བླུན།།


ཁྱོད་དང་ཁྱི་ཕག་ར་ལུག་གནག་ཕྱུག་རྣམས།།

རིགས་མཐུན་ཁྱུ་རུ་འཁྱམས་པས་མཉམ་དུ་མཁས།།

མིག་མེད་མིག་ལྡན་འཕྱ་བའི་ངང་ཚུལ་འདིས།།

མཁྱེན་ལྡན་དབྱིངས་ནས་དགྱེས་བཞིན་ཁྱེད་ལ་འཛུམ།།


   མ་གཞི་ནས་དགག་པ་དེ་ཙམ་ཞིག་ལས་བྱེད་དུ་མེད་ན། ཁ་བྱང་གི་མཇུག་ཏུ་<རོ་ཟོ་>ཞེས་བཀོད་ནས་བསྡད་བཞག་ན་ལེགས་པར་མངོན་ཏེ། རྣོ་ལ་སྙིང་ཚིམ་པ་མ་ཟད་དཀའ་དུས་གྲོན་ཆུང་བས་སོ། 

 འོན་ཀྱང་ཉོག་བཤད་བ་རྒན་གྱི་རྙང་པ་ལྟ་བུ་ཞིག་གིས་བཀང་བའི་རང་གཤིས་ལྡོག་ཏུ་མེད་པ་དེས། ངའི་མ་ཎི་ཡ་ཟུང་དགེ་དགག་གི་སྡིག་པ་ཡང་ཕར་ཁྱོད་ལ་ཕུལ་བའི་ཐོག་ཏུ།  

མཇུག་རྩོམ་དུ། 

 ཅེས་བྲིས་པ་འདིས་ཀྱང་སྔོན་ཞིག་ལ་གྲངས་ཀ་ལས་ནམ་ཡང་སྤུས་ཀ་གཙོ་ཞེས་འུར་བའི་ཐ་ཚིག་དེ་ཡང་། འཇའ་ཚོན་གྱི་སྣེ་ལ་བཏགས་ཟིན་པར་ཧ་ཅང་གསལ་བས་རྟེན་འབྲེལ་ཞིག་ཞུ། 

  སྤྱིར་ཕྱོགས་དང་པོ་གཉིས་ལ་འཇམ་པའི་དབྱངས་ལ་གྲོས་རོགས། གེ་སར་རྒྱལ་པོ་ལ་དཔུང་རོགས་ཟེར་བ་ལྟ་བུ་ཞིག་དགོས་པ་མི་འདྲ་ཡང་།  དེང་སང་ལམ་འགྲོ་མེད་པའི་དམག་ངན་ལམ་བར་ནས་བཅོམ་པ་བཞིན་དུ། རང་གར་ཐོག་བརྒྱག་གི་མཚར་བཅད་ཙམ་ཞིག་བྱས་སོ། །

   ཡང་མཐའ་མཇུག་འདི་དག་ཏུ།  ཧ་ཅང་བཟང་མདོག་ལྟ་བུ་ཞིག་གིས་མ་རིག་ཐ་བ་ཡི་ཕྱོགས་ལ་ མ་མི་མིན་མེད་ ཀྱི་གསུངས་ཟུར་འདི་ཚོའི་ངོ་གདོང་བཟང་ཡང་།  གོང་འོག་གུང་བསྒྲིགས་ནས་བལྟས་ན་འུག་པའི་རྫུན་གྱི་གནའ་དཔེ་ལྟ་བུ་ཞིག་ཏུ་གྱུར་འདུག་པ་སོགས་ཁུག་པ་བཅོ་བརྒྱད་པོ་རེ་རེ་ནས་གླེང་དུ་ག་ལ་ལང་།  

🤭

རིག་པའི་གནས་ལ་སྤྲོ་བ་མི་དམན་ཡང་། །

རིག་ཚད་གླེང་བའི་གླེན་བཤད་མི་དགའ་བས། །

རིགས་པའི་སྲོག་རྩ་བཟུང་ནས་གཅོད་པ་འདི། །

རིགས་བཟང་མི་བུ་རང་གི་འགྲོ་ལུགས་ལགས། །


གནས་ལུགས་བརྒྱ་ལས་རྣམ་འགྱུར་གལ་ཆེ་ཞིང་། །

རྒྱུ་མཚན་སྟོང་ལས་རྒྱུ་ནོར་ཤུགས་ཆེ་བར། །

ཤིན་ཏུ་རྣམ་གསལ་དེང་སང་དུས་རབས་འདིར། །

རབ་ཏུ་དཀོན་པ་དྲང་པོར་བརྗོད་པའི་གཏམ། །


འདི་རུ་བདེན་པའི་ཚིག་ཟུར་འགའ་རེ་ཡང་། །

བག་མས་གོ་དགོས་བུ་མོར་བརྗོད་པ་དང་། །

གཏད་སའི་ཡུལ་དང་བརྒྱག་ཡུལ་མི་གཅིག་བཞིན། །

གང་ལ་གཟན་ན་དེ་ཡིས་བཟོད་པ་བཞེས། །



                            ངལ་བསོས་བུས། ✍️



佛教与现代
༈ འདི་ན། གཏམ་གྱི་དགྲ་འཛིང་དང་། ཀླད་པའི་བཤག་བཅོས་ཡོད། 💐💐💐 ཉན་མ་ཤེས་ན་ཁྱོད་ཡིན། 🫵 བཤད་མ་ཤེས་ན་ང་ཡིན། 👌
 最新文章