སྙན་ངག་ཐུང་ཐུང་ཞིག་གིས་
ཁྱོད་ལ་ 🫵
གནས་ལུགས་
བཤད།
——
ཡིན་ལུགས་
ཀྱི་བབ།
གནས་ཚུལ་
གྱི་གཤིས།
མི་ཡུལ་གནས་ཚང་གཡར་མཁན་ཞེན་ཆགས་གྲོགས།།
སྲིད་འདིར་འདུག་པའི་རྟེན་རྩ་བརྩེ་བའི་ནོར།།
ལྷ་བུའི་བདུད་ཅེས་སྡིག་པར་མ་མཛད་ཀྱེ།།
ཞེན་པ་ཆོད་ཅེས་བཀའ་བཀྱོན་མི་གནང་འཚལ།།
ཁྱོད་གཅིག་ཡོད་པས་གནམ་ས་རི་ལུང་ཀུན།།
མཛེསསྡུག་སྣུམ་ཚོན་ར་མོ་བྲིས་བཞིན་མཛེས།།
ཁྱོད་གཅིག་མེད་པས་གནམ་ས་རི་ལུང་ཀུན།།
སྐྱ་བྲིས་ཚོན་མེད་རི་མོ་བཞིན་དུ་སྐྱ།།
ཨ་རེ་མཚར་ཆེ་གཟུགས་མེད་དགའ་བའི་སེམས།།
ཀུན་ལ་ཡོད་ཀྱང་སེམས་ཀྱི་གཏིང་དུ་ཡིབས།།
གཅིག་སེམས་གཅིག་ལ་འཕྲེང་བའི་འབྲེལ་ཐག་ལ།།
ཀུན་གྱིས་ཞེ་ནས་སྨོན་སའི་བརྩེ་དུང་ཟེར།།
ཡ་མཚན་དགོད་རེ་འཆོར་བ་སེམས་ཀྱི་གསང་།།
གསང་ཞིང་གསང་ཡང་སེམས་ལ་ལྷག་པར་གསལ།།
སྦས་ཤིང་སྦས་ལ་ནང་ནས་རབ་ཏུ་བཀྲ།
བཅོས་ཤིང་བཅོས་ལ་ཕྱི་རོལ་ལྷག་པར་མངོན།།
ཡ་ཀི་གོང་མའི་ཐུགས་ཀྱི་གསེང་ཞིག་ན།།
བརྩེ་དུང་འོད་ཀྱི་འཇའ་སྣེ་ཟུག་ཡོད་སྐད།།
མ་ཀི་ཁྲིམས་ལྡན་ཡིད་ཀྱི་ཁུད་འིག་ན།།
དུང་བ་ཡིད་ཀྱི་དགའ་མ་ཡིབས་འདུག་སྐད།།
བརྩེ་དུང་དགྲ་རུ་ལྟ་བའི་ཁ་ཕོ་ཅན།།
ཆེ་མཐོའི་གྲལ་ནས་ཡར་ཡར་འཛེག་དང་ལྷན།།
དུང་བ་ཆུང་ངུས་ལྐོག་ནས་མར་མར་འཐེན།།
མི་ཚེའི་གྱུ་ཁུག་ཉམས་མཚར་བལྟད་མོས་གང་།།
མཐོ་དམན་མི་བུ་ཕལ་གྱི་མིག་ལམ་ན།།
དུང་ཞེན་དོན་སྟོན་ལྟད་མོའི་མཆོག་ཡིན་པ།།
དེ་ཉིད་ཙམ་གྱིས་ཀུན་ལ་དགོས་པར་མཚོན།།
དགོས་ངེས་མ་ཚང་ཐན་ལ་ངོ་མཚར་སྒྲོགས།།
འཁོར་འདས་ཀུན་གྱི་སྒུལ་ཤུགས་བརྩེ་བའི་སེམས།།
འདི་ཉིད་ཡོད་པས་སྐྱེས་གཟུགས་མཛེས་སྡུག་བཀྲ།།
འདི་ཉིད་ཡོད་པས་སྨྲ་བརྗོད་ཟུར་ཆ་ཐོན།།
འདི་ཉིད་ཡོད་པས་དྲན་སེམས་དོན་སྙིང་ལྡན།།
དེ་ཕྱི་འདི་ཀ་ཀུན་གྱི་རྩ་བ་ཡིན། །
འདི་ཉིད་ཡོད་པས་ཁ་ཟས་རོ་བཅུད་ལྡན།།
འདི་ཉིད་ཡོད་པས་གོས་རྒྱན་འོད་མདངས་ཐོན།།
འདི་ཉིད་ཡོད་པས་གནས་མལ་དྲོད་ཁོལ་འཛོམས།།
དེ་ཕྱིར་ཀུན་ཀྱང་དུང་ཞེན་སྲོག་ཆགས་ཙམ།།
འདི་ཡོད་ཆོས་ཀུན་ཡོད་ཀྱང་མེད་དང་མཚུངས།།
འདི་མེད་ཆོས་ཀུན་མེད་ཀྱང་ཡོད་དང་མཚུམས།།
ཡོད་ན་ཀུན་ཡོད་མེད་ན་ཀུན་མེད་པ།།
གཅིག་ཆོག་བརྩེ་བའི་རིན་ཐང་གཞལ་མཐའ་བྲལ།།
འདིར་སྣང་རྨི་ལམ་ཡུལ་གྱི་མགྲོན་པོ་རྣམས།།
ཐ་མའི་མིག་ཟུང་འཆི་ལ་ཟུམ་སྐབས་ཀྱང་།།
སྙིང་ཉེའི་མི་དང་ལག་ཟུང་སྦྲེལ་ཙམ་ནས།།
སྙིང་འཚུབ་སྔངས་སྐྲག་ཞི་ཞིང་བདེ་བར་འགྲོ།།
ཆགས་པ་མེད་པའི་རྒྱུ་ནོར་གད་སྙིགས་ཡིན།།
ཞེན་པ་མེད་པའི་གནས་ཁང་བཙོན་ཁང་ཡིན།།
དགའ་བ་མེད་པའི་ཁ་ཟས་སྐྱུག་མ་ཡིན།།
འདོད་རྔམས་མེད་པའི་སྤྱི་ནི་སྤྱི་ཡི་གྱོང་།།
ལྷ་ལ་གདུང་བ་མེད་ན་དངོས་གྲུབ་མེད།།
བླ་མར་མོས་གུས་མེད་ན་བྱིན་རླབས་མེད།།
གྲོགས་ལ་འཕྲེང་སེམས་མེད་ན་དམ་ཚིག་མེད།།
བརྩེ་བ་མེད་པའི་སྒེར་ནི་སྒེར་གྱི་རྒུད།།
ཁྱད་པར་བརྩེ་དུང་ཀུན་གྱི་དྭངས་མའི་རྩེ།།
རང་བཞིན་ཉིད་ཀྱིས་ལུས་སེམས་རང་ཆ་འགྲིགས།།
ཀུན་ཁྱབ་རང་བྱུང་ཕོ་མོའི་བརྩེ་དང་དུང་།།
ཀུན་ལ་དགོས་པས་ཀུན་ལ་ཡོད་པ་ཡིན།།
འདི་མེད་གདུལ་ཞིང་འགྲོ་ཁམས་ཇི་ལྟར་ཆགས།།
འདི་མེད་འདུལ་བྱེད་སྟོན་འཁོར་གང་ལྟར་བྱོན།།
འདིར་སྣང་འཁྲུལ་འཁོར་དབྱིངས་སུ་མ་ཐིམ་བར།།
འདིར་འཆར་སེམས་ལ་འདི་ཉིད་ངེས་པར་དགོས།།
དེང་གི་ཕྱི་ནང་འགལ་བའི་བོད་རྨོངས་པས།།
མི་ངོའི་ཁ་ཕོ་ཙམ་གྱིས་སྤངས་ཚུལ་ལ།།
ནང་པའི་ཆོས་པར་འབོད་ཅིང་བརྫུ་བ་ནི།།
ནང་རུལ་རང་མགོ་གཡོགས་པའི་ཕྱི་གཟུགས་ཙམ།།
ཡོད་པ་རང་ལ་གསལ་ཡང་རང་གིས་གསང་།།
མཐོང་བ་གཞན་གྱི་ཤེས་ཀྱང་གཞན་ལ་སྦས།།
ཆོས་ཉིད་འདི་ནི་སྲིད་པའི་ངོ་མཚར་ཉིད།།
གནས་ལུགས་སྡུག་སྤང་བྱེད་པ་སྡུག་ཁུར་དངོས།།
སྡུག་མཐའ་ཆོས་ཀྱིད་ཆོད་ན་ལོས་བཟང་ཡང་།།
ཆོས་མཐའ་སྡུག་གིས་ཟད་འདི་ཨ་རེ་སྡུག།
མི་ནུས་གཡོན་གྱིས་འཁྲབ་མཁན་འུ་ཐུག་མི།།
ནུས་ཚོད་ལམ་ཁྱེར་སོར་འཇོག་ཇེག་པའི་རྩེ།།
ཀུན་གསལ་ཤེས་རབ་ཉི་མའི་འོད་ཁྱིམ་གྱི་མཁའ་ཀློང་།།
གཅིག་ལ་གཅིག་འབྲེལ་་བརྩེ་དུང་སྡུད་ཤུགས་ཀྱི་སྟོབས་ཀྱིས།།
སྐྱེ་འགྲོའི་རྒྱུ་སྐར་ཚོགས་རྣམས་ལྷམ་མེ་རུ་འཁོར་བ།།
ཕྲ་ལ་ཀུན་ཁྱབ་ཐབས་ཤེས་འཇིག་རྟེན་གྱི་བྱེད་པོ།།
བརྩེ་བའི་དྲོད་ཁོལ་ཤེས་རབ་འོད་མདངས་ཟུང་ལྡན་པའི།།
ཆོས་འཛིན་ཉིན་བྱེད་ཟེར་གྱིས་ས་སྟེང་འདིར་ཁྱབ་ན།།
ཐབས་ཤེས་རླན་དྲོད་ལས་སྐྱེས་སྐྱེ་དངོས་ཀྱི་འགྲོ་ཁམས།།
བདེ་སྐྱིད་འབྲས་བཟང་སྨིན་པའི་དུས་སྟོན་ཞིག་འཆར་ངེས།།
ཐབས་ཤེས་རྒྱལ་བའི་ཆོས་ཀྱི་གཞི་རྐང་ནི་ཟུང་གཅིག།
རྐང་ཡ་ཅན་གྱི་དམ་ཆོས་རྡུལ་ཁྲོད་དུ་འགྱེལ་ངེས།།
ཐབས་ཤེས་སྒྲུབ་བརྩོན་དགེ་བའི་གཤོག་པ་ནི་ཟུང་གཅིག།
གཤོག་ཡ་ཅན་གྱི་ཆོས་འཛིན་གཡང་ས་རུ་ལྷུང་ངེས།།
ཐབས་ཤེས་འཇིག་རྟེན་མི་ཡི་མིག་འབྲས་ནི་ཟུང་གཅིག།
མིག་ཡར་མེད་པས་མི་ཚེའི་མཛེས་སྡུག་དེ་ཉམས་ངེས།།
ཐབས་ཤེས་འཇིག་རྟེན་འཚོ་བའི་ལག་པ་ནི་ཟུང་གཅིག།
ལག་ཡར་ཞ་བས་བྱ་བྱེད་ནུས་ཤུགས་དེ་ཉམས་ངེས།།
- བརྗེད་བྱང་། -
💌
རྒྱ་རྒན་ལུས་ཕུང་ས་རྡོར་བསྒྱུར་ནས་ཨར་ལས་བྱེད་པ་བརྩེ་བའི་ཤུགས།།
ཡུལ་ལུང་གྲོང་ཁྱེར་འཇའ་ཚོན་བཀྲ་འདྲའི་ཡར་རྒྱས་བྱུང་བ་ཤེས་རབ་རྩལ།།
ཕྱི་ནང་བར་དང་མཐོ་དམན་ཀུན་གྱི་ལེགས་ཚོགས་འབྱུང་གནས་ཐབས་ཤེས་ཟུང་།།
འཁོར་འདས་བར་གྱི་སྟོང་སྲོག་ཡོངས་འདུས་ཟུང་འབྲེལ་ལམ་ནི་མཚུངས་པ་མེད།།
རྒྱལ་སྲས་སྒོ་གསུམ་གཏན་དུ་བཏང་ནས་གཞན་དོན་སྤྱོད་པ་བརྩེ་བའི་ཤུགས།།
གཏན་བདེ་འབྱོར་བའི་བླ་མེད་གོ་འཕང་སྲིད་ལས་འདས་པ་ཤེས་རབ་རྩལ།།
སྲིད་ཞིའི་ཁམས་ན་དགེ་ལེགས་དཔལ་གྱི་འབྱོར་བའི་རྩ་བ་ཐབས་ཤེས་ཟུང་།།
བདེ་བའི་ལམ་ནས་བདེ་ལེགས་མཆོག་འགྲུབ་ཐབས་ཤེས་ཟུང་ནི་ཨེ་མ་རྨད།།
ཤེས་རབ་མིག་མེད་བརྩེ་བའི་སྙིང་ལ་དྲོད་ཁོལ་རྒྱས་ཀྱང་རྨོངས་པས་གདུངས།།
བརྩེ་བའི་སྙིང་བྲལ་ཤེས་རབ་མིག་འབྲས་གསལ་མདངས་ཆེ་ཡང་སྐྱོ་བས་གཟིར།།
སྙིང་དང་མིག་དབང་ཟུང་དུ་འབྲེལ་ལས་ལུགས་གཉིས་དོན་འབྲས་ལོངས་སུ་སྤྱོད།།
བརྩེ་དང་ཤེས་རབ་ཟུང་འབྲེལ་ངང་ནས་མི་ཚེའི་འགལ་རྐྱེན་གཡུལ་ལས་རྒྱལ།།
དཀའ་སྡུག་དགྲ་ཡིས་གནོད་པས་མི་ཚུགས་ཡིད་ཆེས་ལྡོག་མེད་བརྩེ་བའི་གོ།
ཆེ་གྲགས་སྟོབས་ཀྱི་དཔུང་ལ་མི་འཇིགས་གནས་ལུགས་རྟོགས་པའི་ཤེས་རབ་མཚོན།།
འཇིག་རྟེན་མི་ཡི་བདེ་སྐྱིད་འཚོལ་ལ་འདི་གཉིས་མ་ཚང་མི་གྲལ་བུད།།
འཇིག་རྟེན་འདས་པའི་དམ་པ་སྒྲུབ་ལ་འདི་གཉིས་ཡ་བྲལ་གོལ་སར་ལྷུང་།།
བརྩེ་དུང་དྲོད་མེད་ཤེས་རབ་མཆོག་ལྡན་མི་ཚེ་དེ་ཡང་དགུན་ཟླའི་མདངས་བཞིན་གྲང་ཤུར་ཤུར།།
ཤེས་རབ་འོད་མེད་བརྩེ་གདུང་ཟབ་མོའི་དྲོད་ཁོལ་དེ་ཡང་ཁྲི་མུན་སྨག་བཞིན་ནག་འཐིབ་འཐིབ།།
བརྩེ་བའི་དྲོད་དང་ཤེས་རབ་འོད་མདངས་ཟུང་ལྡན་མི་ཚེ་སྐྱིད་པའི་ཉི་འོད་དྲོ་ཞིང་གསལ།།
ཤེས་རབ་འོད་དང་བརྩེ་བའི་དྲོད་ཁོལ་ཟུང་དུ་འཇུག་པ་འཇིག་འདས་བར་གྱི་སྙིང་པོའི་དོན།།
བརྩེ་ཆེན་ཐབས་དང་དྲི་མེད་ཤེས་རབ་ཟུང་དུ་འཇུག་འདི་སྲིད་གསུམ་འགྲན་བྲལ་རྒྱལ་བའི་གསུང་གི་སྙིང་པོ་ཡིན།།
སྙིང་པོ་དེ་སྟོན་སྟོན་པ་མཆོག་དེའི་གསུང་གི་གསང་འདི་རྟོགས་ནས་སྟོན་པ་དེང་སང་ས་སྟེང་ང་རང་ཙམ།།
/ སྨྱོན་པའི་
/ བརྗེད་བྱང་
/ 疯子语录
ངལ་བསོའི་ཉི་མའི་བུ་རྒོད།