༄༅། །སྐབས་ཤིག་གི་ཁེར་ལབ། དུམ་བུ། ༥༠༢

文摘   2024-05-20 21:05   西藏  



★ ༈ ན་ནིང་གི་སྟོན་ཁར། 




གྲོགས་མེད་འཁྱམས་པོའི་མི་ལ།

དགའ་སྐྱོའི་ཡུལ་སྣང་མང་ཞིང་། །

སྐྱིད་སྡུག་འཆར་ཆ་རྒོད་པས། །

མི་ཚེ་རིང་སྣང་ཤར་སོང་། །



བསིལ་བསིལ་རླུང་བུ་བུས་བ། །

ཡང་ཡང་ཡིད་ལ་ཐིམ་ཞིང་། །

ཟིམ་ཟིམ་ཆར་པ་བབ་པ། །

ཏག་ཏག་སེམས་ལ་རླན་བྱུང་།







རྒྱང་རིང་གནམ་ལ་བལྟས་ནས། །

སྐྱོ་གདུང་དབྱིངས་སུ་བཏང་ཡང་། །

སྐྱོ་བས་མཁའ་དབྱིངས་ཁྱབ་ཅིང་། །

དུང་བས་ས་གཞི་ཁེབས་སོང་། །






སྤྲིན་པ་མེད་པའི་ནམ་མཁའ། །

སེམས་པ་འདི་དང་མཚུངས་ཤིང་། །

དྲོད་ཁོལ་མེད་པའི་ས་གཞི། །

བྱང་ཁོག་དེ་དང་འདྲ་བ། །


ཤུར་ཤུར་ཆུ་མོ་གཞུར་བ། །

ང་ཡི་ཞེ་ནས་གཞུར་སོང་། །

སིལ་སིལ་ལོ་འདབ་འཐོར་བ། །

རང་གི་སེམས་ནས་འཐོར་སོང་། །




ཁྲ་ཁྲའི་འཇའ་ཚོན་ཡལ་བ། །

བདག་གི་ཡིད་ནས་ཡལ་སོང་། །

སང་སང་བར་སྣང་སྟོང་པ། །

རང་གི་སེམས་ནས་སྟོང་སོང་། །


                                  ངལ་བསོས་བུ་རྣམ་རྒྱ་ཡན། 


                                                                                  








佛教与现代
༈ འདི་ན། གཏམ་གྱི་དགྲ་འཛིང་དང་། ཀླད་པའི་བཤག་བཅོས་ཡོད། 💐💐💐 ཉན་མ་ཤེས་ན་ཁྱོད་ཡིན། 🫵 བཤད་མ་ཤེས་ན་ང་ཡིན། 👌
 最新文章