སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་ཞིབ་ཚོགས་ཆུང་གི་བཅའ་སྡོད་ལས་དོན་ལེགས་འགྲུབ་བྱས་པ།
ཏང་ཀྲུང་དབྱང་གི་སྐོར་ཞིབ་ལས་དོན་སྐོར་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ11པའི་ཚེས5ཉིན་བར། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་ཞིབ་ཚོགས་ཆུང་གི་བཅའ་སྡོད་ལས་དོན་ལེགས་འགྲུབ་བྱུང་བ་རེད། སྐོར་ཞིབ་ཚོགས་ཆུང15ཡིས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཚན་པ34ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་རེད།
སྐོར་ཞིབ་བྱ་ཡུལ་ལས་ཁུངས་ཀྱིས་སོ་སོར་སྐོར་ཞིབ་སྐུལ་སློང་ཚོགས་ཆེན་འཚོགས་པ་རེད། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་སྐུལ་སློང་གསུང་བཤད་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སྐོར་ཞིབ་ལས་དོན་ཏན་ཏིག་ངང་སྤེལ་དགོས་པའི་བླང་བྱ་བཏོན།
ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་བསྟན་དོན། སྐོར་ཞིབ་ནི་ཆབ་སྲིད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པ་དང་། “སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཐོག་ཏུ་འཁུར་ཡོད། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་བརྟན་སྲུང་བྱེད་པ། སྐོར་ཞིབ་ལས་དོན་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་བཅས་བྱེད་དགོས། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་ལག་བསྟར་ནན་པོ་བྱེད་པའི་གཞི་གདངས་འབུར་དུ་བཏོད་པ། དབང་ཆ་དང་འགན་འཁྲིར་དམ་པོར་དམིགས་པ། “གཙོ་འགན་འཁུར་མཁན་”དང་མགོ་ཁྲིད་ཚན་པར་དམ་པོར་དམིགས་པ། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་ལ་དམ་པོར་དམིགས་པ་བཅས་བྱས་ནས། ཆབ་སྲིད་ཀྱི་ལྟ་སྐུལ་གནད་ལ་འཁེལ་ཞིང་ནུས་ལྡན་གྱིས་སྤེལ་བ་དང་། སྐོར་ཞིབ་ཀྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་འདོན་སྤྲོད་བྱེད་དགོས།
ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་ཆབ་སྲིད་སྐོར་ཞིབ་ཀྱི་ལྟ་སྐུལ་གཙོ་གནད་ཡང་དག་ངང་ཁོང་དུ་ཆུད་པ་དང་། སྐོར་ཞིབ་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ། འགན་ནུས་དང་འགན་འཁྲི་ལག་བསྟར་བྱེད་པ། སྒྱུར་བཅོས་ཀྱི་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པ། ཉེན་ཁ་ཚབས་ཆེན་དོགས་ཟོན་དང་གཙང་སེལ་བྱེད་པ། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། མགོ་ཁྲིད་ཚན་ཁག་དང་ལས་བྱེད་ཤེས་ལྡན་པའི་དཔུང་ཁག གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྐོར་ཞིབ་དག་ཐེར་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་གཏིང་ཟབ་བཅས་བྱས་ཏེ། འབུར་ཐོན་གྱི་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། དངོས་ཐོག་བདེན་འཚོལ་དང་སྒྲིག་སྲོལ་བཅའ་ཁྲིམས་ལ་བརྩི་སྲུང་བྱས་ནས། འཕྲལ་མར་ལག་བསྟར་དང་སྒྱུར་བཅོས་བྱེད་པ་དང་། སྐོར་ཞིབ་དང་ཞིབ་བཤེར་བྱེད་པར་ཤུགས་སྣོན་བརྒྱབ་ནས། ལྟ་སྐུལ་གྱི་མཉམ་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་ཁྲིམས་དང་སྤྱོད་ཚུལ་གཟབ་ནན་དུ་གཏོང་བ་བཅས་བྱས་ནས། སྐོར་ཞིབ་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས།
སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་སྐོར་ཞིབ་ལས་དོན་སྐོར་གྱི་བཀོད་སྒྲིག་གལ་ཆེན་གྱི་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པ། གནད་དོན་ཐུན་མོང་ཐོག་ཐག་གཅོད་རྒྱུ་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་སྐོར་ཞིབ་ལ་གཞོགས་འདེགས་བྱེད་པ། དག་ཐེར་ལ་དམ་འཛིན་ནན་ཏན་བྱེད་པ་བཅས་བྱས་ཏེ། སྐོར་ཞིབ་གོ་སྐབས་སུ་བརྩིས་ནས་ཏང་ཀྲུང་དབྱང་གིས་དཀྲིས་པའི་འགན་འཁྲི་དང་ལས་འགན་དེ་བས་ལེགས་པའི་སྒོ་ནས་བསྒྲུབས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་ཕབ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་དགོས།
ཤེས་གསལ་ལྟར་ན། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང15པས་སྐོར་གཟིགས་བྱ་ཡུལ་ལས་ཁུངས་སུ་ཟླ་གཉིས་ཡས་མས་ལ་ལས་ཀ་བྱ་རྒྱུ་དང་། དེའི་རིང་ཆེད་དམིགས་ལས་རེས་ཁ་པར་དང་སྦྲག་སྲིད་ཡིག་སྒམ་བཙུགས་ནས། གཙོ་བོ་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ། ལས་གནས་གཙོ་བོའི་མི་སྣ་བཅས་ཀྱི་གནད་དོན་གོང་ཞུ་བྱེད་པའི་ཡི་གེ་དང་ཁ་པར། ངོ་གཏུགས་བཅས་ལ་བདག་སྤྲོད་བྱ་རྒྱུ་ཡིན་པ་དང་། གཙོ་བོ་ནི་ཆབ་སྲིད་སྒྲིག་ཁྲིམས་དང་། རྩ་འཛུགས་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། མང་ཚོགས་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ལས་འགལ་བའི་སྐོར་གྱི་ཐེར་འདོན་སྙན་ཞུ་དང་ཚུར་སྣང་ཡིན། སྐོར་ཞིབ་ཚོགས་ཆུང་གིས་འཕྲིན་བཅར་བདག་སྤྲོད་བྱེད་པའི་དུས་ཚོད་ནི2024ལོའི་ཟླ12པའི་ཚེས30ཉིན་བར་ཡིན། །