ཞི་ཅིན་ཕིང་ལི་མར་འབྱོར་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པ་དང་འབྲེལ་ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་བ།
ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ལི་མར་འབྱོར་ནས། ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པོ་ལུའུ་ཨའར་ཐེ་ཡི་གདན་ཞུས་ལྟར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པ་དང་འབྲེལ་ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་།
ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་དེ་ལི་མའི་ཁ་ཡའི་ཨུ་རུ་སུའི་མཁའ་དམག་རྟེན་གཞིར་འབྱོར་སྐབས། ཕེ་རུ་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་ཨ་ཏེ་ལི་ཨན་སེན་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་པ་རེད། ས་གནས་དེ་གའི་སློབ་མས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་དང་རྒྱ་སྐད་ཀྱི་ཐོག་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཞེས་དགའ་འབོད་གནང་། གུས་དམག་རྣམས་ཁ་གདན་དམར་པོའི་གཡས་གཡོན་གཉིས་སུ་བསྒྲིགས་ནས་གུས་འདུད་ཞུས།
ཞི་ཅིན་ཕིང་གིས་གནམ་ཐང་གི་ཡིག་ཐོག་གསུང་བཤད་གནང་ནས། ཕེ་རུ་སྲིད་གཞུང་དང་ཕེ་རུ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་མཛའ་བརྩེ་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ཕེ་རུ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཕེ་རུའི་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་ཕྱིན་ཡོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་པ་དང་། མཉམ་ལས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་བརྟན་པོ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་ཕན་ཁེ་བསྐྲུན་ཡོད། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ད་ཐེངས་ཀྱི་འཚམས་འདྲི་ཡིས་ཀྲུང་གོ་དང་ཕེ་རུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྣེ་ཁྲིད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གསར་པ་དེ་བས་མང་པོ་ཐོབ་པར་སྐུལ་འདེད་ཐུབ་པའི་ཡིད་ཆེས་ཡོད། ངས་ཀྱང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་ནས། ཕྱོགས་སོ་སོ་དང་མཉམ་དུ་སྒོ་དབྱེའི་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་། འཛམ་གླིང་གི་དཔལ་འབྱོར་འཕར་བར་སྐུལ་འདེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པ་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་མཉམ་དུ་གནམ་གྲུ་བསྡད་ནས་འབྱོར་བ་རེད།
སྔོན་ལ་འབྱོར་ཟིན་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་ཕེ་རུར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་སུང་དབྱང་ཡང་གནམ་ཐང་དུ་ཕེབས་བསུར་སླེབས་ཡོད།
ཞི་ཅིན་ཕིང་རླངས་འཁོར་ནང་བཞུགས་ཏེ་གནམ་ཐང་ནས་བཞུགས་སའི་གསོལ་མགྲོན་ཁང་དུ་བསྐྱོད་པའི་ལམ་བར་དུ་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་འཐུས་མི། ས་གནས་དེ་གའི་མང་ཚོགས་བཅས་ཀྱིས་འགྲོ་ལམ་གཡས་གཡོན་དུ་དགའ་བསུ་ཞུས་པ་དང་། ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས། “ཀྲུའུ་ཞི་ཞི་ཅིན་ཕིང་ལགས་ཕེ་རུར་འཚམས་འདྲིར་ཕེབས་པར་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པའི་སྨོན་འདུན་ཞུ”ཞེས་པ་དང་།“ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག”ཅེས་པ་སོགས་ཀྱི་འཕྲེད་འགེལ་སྦྱར་ཡིག་དམར་པོ་མཐོན་པོར་བསྒྲེངས་ཏེ། རྔ་རྡུང་རོལ་དཀྲོལ་དང་འབྲུག་སེང་གར་རྩེད་འཁྲབ་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད།
པེ་ཅིན་ནས་ལི་མར་བསྐྱོད་པའི་ལམ་བར་དུ། ཞི་ཅིན་ཕིང་སྡོད་པའི་ཆེད་གཏོང་གནམ་གྲུར་སི་ཕེན་གྱི་ཏ་ཅ་ན་ལི་གླིང་ཕྲན་དུ་ལག་རྩལ་མཚམས་འཇོག་བྱས་པ་དང་། ཅ་ན་ལི་རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱེད་པའི་སི་ཕེན་ཀྲུང་དབྱང་སྲིད་གཞུང་གི་དབང་ཆ་ཚང་མ་ཡོད་པའི་སྐུ་ཚབ་དང་ས་གནས་དེ་གའི་མཐོ་རིམ་དཔོན་རིགས་རྣམས་གནམ་ཐང་དུ་ཕེབས་སྐྱེལ་ཞུས་པ་རེད། །