ལོ་ངོ18རིང་གི་འགྱུར་བ་མེད་པའི་བརྩེ་སེམས།
དཀོན་མཆོག་སྨོན་ལམ་གྱིས་སློབ་མ་ཚོར་སློབ་ཁྲིད་བྱེད་བཞིན་པ། ཟླ11པའི་ཚེས3ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་གྱི་བོད་ལུགས་གསོ་རིག་སྨན་བཅོས་ཁང་ཞིག་གི་ནང་དུ། སྨན་པ་ཀརྨ་དགེ་ལེགས་ཀྱིས་ལུས་ལ་སྨན་པའི་ལས་གོས་དཀར་པོ་གྱོན་ནས་ངང་རྒྱུད་རིང་པོའི་ངང་ནད་པའི་རྩ་ལ་བརྟག་དཔྱད་བྱེད་བཞིན་མཆིས།ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི་ཀརྨ་དགེ་ལེགས་ཆུང་དུས་ནས་ནང་ཆེན་རྫོང་སྤྱི་ཉིན་སྲིབ་ཞང་དུ་འཚོ་བ་རོལ་ཞིང་། ཁོར་ད་ལྟའི་གྲུབ་འབྲས་བཟང་པོ་ཐོབ་པ་འདི་ཡང་ཁོས་མི་ཞིག་ལ་ཐུགས་རྗེ་ཆེ་ཞུ་དགོས་ཏེ། དེ་ནི་དཀོན་མཆོག་སྨོན་ལམ་རེད། ལོ་ངོ་བཅུའི་ཡར་སྔོན་དུ། ཀརྨ་དགེ་ལེགས་མཐོ་རིམ་སློབ་འབྲིང་ནས་མཐར་ཕྱིན་པ་དང་། དེ་དུས་ཀྱི་ཁོ་ནི་མ་འོངས་པར་འཆར་གཞི་ཅི་ཡང་མེད་པར་མགོ་འཐོམས་ནས་ཡོད་པ་ཞིག་ཡིན། འོས་འགན་སྨན་བཅོས་བྱ་འགུལ་ཞིག་གི་ཁྲོད་དུ། ཁོས་བོད་ལུགས་གསོ་རིག་སྨན་པ་ཞིག་སྟེ“དགེ་སྒྲུབ་ལས་རིགས་ལག་རྩལ་སློབ་གྲྭའི”སློབ་སྤྱི་དཀོན་མཆོག་སྨོན་ལམ་ངོ་ཤེས། དཀོན་མཆོག་སྨོན་ལམ་ལ་གླེང་མོལ་བྱེད་པའི་ཁྲོད། ཀརྨ་དགེ་ལེགས་བོད་ལུགས་གསོ་རིག་ལ་ཧ་ཅང་སྤྲོ་བ་སྐྱེས་ཤིང་། དུས་དེ་ནས་བཟུང་ཁོས་བོད་ལུགས་གསོ་རིག་གི་སྨན་པ་ཞིག་བྱ་རྒྱུའི་སེམས་ཐག་བཅད། དེའི་རྗེས་སུ། སྡེ་བའི་ལས་བྱེད་པའི་ངོ་སྤྲོད་འོག་ཀརྨ་དགེ་ལེགས“དགེ་སྒྲུབ་ལས་རིགས་ལག་རྩལ་སློབ་གྲྭར”ཞུགས་པ་དང་། དཀོན་མཆོག་སྨོན་ལམ་གྱི་སློབ་མར་གྱུར་ཏེ་བོད་ལུགས་གསོ་རིག་ལ་སྦྱོང་བ་བྱེད་འགོ་ཚུགས། སློབ་མཐར་ཕྱིན་རྗེས། ཁོས་མུ་མཐུད་དུ་འབད་བརྩོན་བྱས་མཐར་ཕུགས་འདུན་མངོན་འགྱུར་བྱུང་སྟེ་བོད་ལུགས་གསོ་རིག་གི་སྨན་པ་ཞིག་ཏུ་གྱུར། དཀོན་མཆོག་སྨོན་ལམ་གྱིས“ང་ལ་སློབ་མ་ཧ་ཅང་མང་པོ་ཡོད། ཁོ་ཚོ་ཚང་མ་ནི་ངའི་གཟི་བརྗིད་ཡིན། ཁོ་ཚོ་ཉིན་རེ་བཞིན་འཚར་ལོངས་འབྱུང་བ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་ཡོད”ཅེས་བཤད། དཀོན་མཆོག་སྨོན་ལམ་ཆུང་དུས་ནས་ནང་ཆེན་རྫོང་གི་འབྲོག་ཁུལ་དུ་འཚར་ལོངས་བྱུང་བ་དང་། ཕ་མ་གཉིས་ཀྱི་ལུས་ཕུང་ཡང་དེ་འདྲའི་བཟང་རྒྱུ་མེད་པས། ཁོས་ཉིན་རྒྱུན་ཕ་མ་གཉིས་ནད་ཀྱིས་གཙེས་པ་མཐོང་མྱོང་། ཁོས“སྐབས་དེ་དུས་སྨན་བཅོས་ཐོན་ཁུངས་དཀོན་པའི་དབང་གིས་འབྲོག་པ་མང་པོ་ཞིག་ལ་ནད་ཕོག་རྗེས་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་ཀྱི་མི་འདུག”ཅེས་ཕྱིར་དྲན་བྱེད་བཞིན་བཤད། དུས་དེ་ནས་བཟུང་སྨོན་ལམ་ལ་ནར་སོན་རྗེས་སྨན་པ་ཞིག་བྱ་རྒྱུའི་བསམ་ཚུལ་འགོག་མེད་དུ་སྐྱེས། 1993ལོར། ལོ་ན11ལ་སོན་པའི་དཀོན་མཆོག་སྨོན་ལམ་རང་གི་ཨ་ཞང་གི་རྗེས་སུ་འབྲངས་ནས་བོད་ལུགས་གསོ་རིག་ལ་སློབ་སྦྱོང་བྱས་པ་དང་། ལོ་ངོ4ཡི་རྗེས་སུ་ཟུར་ཉན་སློབ་མ་ཞིག་གི་ངོས་ནས་བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཆེན་དུ་སློབ་སྦྱོང་བྱེད་དུ་སོང་ཞིང་། ལོ་ངོ་མང་པོར་འབད་བརྩོན་བྱས་པ་བརྒྱུད་བདེ་བླག་ངང་སློབ་མཐར་ཕྱིན། 2006ལོར། དཀོན་མཆོག་སྨོན་ལམ་གྱིས་གྲོང་ཁྱེར་དུ་ལས་ཀ་བྱེད་པའི་གོ་སྐབས་བསྐྱུར་ཏེ། ཕྱིར་ཕ་ཡུལ་དུ་ལོག་སྟེ་ཁོའི་ཁེར་རྐྱང་དང་ལམ་ཐག་རིང་བའི་འོས་འགན་སྨན་བཅོས་ཀྱི་ལམ་བུར་བསྐྱོད། ཐག་རིང་ལུང་ཁུག་གི་འབྲོག་པ་མང་ཚོགས་ལ་འོས་འགན་སྨན་བཅོས་བྱ་ཆེད། དཀོན་མཆོག་སྨོན་ལམ་རྒྱུན་དུ་ནམ་གུང་རྟར་བཞོན་ནས་སྨན་བཅོས་བྱེད་དུ་འགྲོ་བཞིན་ཡོད། འབྲོག་པའི་ཁྱིམ་ནས་ཕྱུགས་འཚོ་བའི་རྩྭ་རའི་བར་དུ་ནད་པ་ཡོད་ས་ཞིག་ཡིན་ཕྱིན། དཀོན་མཆོག་སྨོན་ལམ་མ་ཐོན་ས་ཞིག་མེད་ཅིང་། ཁོས་ལོ་ངོ་མང་པོར་དེ་ལྟར་སྒེར་སེམས་མེད་པའི་ངང་འབྲོག་པ་མང་ཚོགས་ལ་ནད་བཅོས་བྱས་པས། ཡུལ་དེའི་འབྲོག་པ་མང་ཚོགས་ཀྱིས་ཁོ་ནི་རང་གི་གཉེན་ཉེར་བརྩིས་ཡོད་པ་རེད། དཀོན་མཆོག་སྨོན་ལམ་གྱིས“ནད་པའི་ནད་བབ་ལ་དལ་འགོར་བྱེད་མི་རུང་།ལྷག་པར་དུ་འབྲོག་ཁུལ་དུ་ནད་པས་ནད་བབ་ལྕི་ཞིང་རྒྱུན་འཁྱོངས་མི་ཐུབ་པའི་སྐབས་སུ་ད་གཟོད་སྨན་པ་འཚོལ་བ་ཡིན་པས། ང་རང་ངེས་པར་དུ་ག་དུས་བོས་ན་དེ་དུས་ཐོན་ཐུབ་དགོས”ཞེས་བཤད། དེ་ལྟར་དུས་ཡུན་རིང་པོ་འགོར་རྗེས། དཀོན་མཆོག་སྨོན་ལམ་གྱིས “མི་གཅིག་གི་སྟོབས་ཤུགས་ལ་ནམ་ཡང་ཚད་ཡོད་པས། རང་གཅིག་པུས་འདི་ལྟར་འབྲོག་ཁུལ་གྱི་ནད་སྟོན་པའི་གནད་དོན་ཐག་གཅོད་ཐབས་མེད་ཅིང་། གལ་ཏེ་ཡུལ་འདིར་སྡོད་ཐུབ་པ་དང་བཀོལ་སྤྱོད་ཆོག་པའི་གྲོང་གསེབ་ཀྱི་བོད་ལུགས་གསོ་རིག་གི་སྨན་པའི་དཔུང་སྡེ་ཞིག་གསོ་སྐྱོང་བྱས་ཚེ། ད་གཟོད་གནད་དོན་འདི་ཐག་གཅོད་ཐུབ་པ”ཤེས། 2011ལོར། དཀོན་མཆོག་སྨོན་ལམ་གྱིས་བོད་ཀྱི་གསོ་རིག་གསོ་སྦྱོང་འཛིན་གྲྭ་དང་བོད་ཀྱི་གསོ་རིག་ཤེས་ལྡན་མི་སྣའི་སློབ་གྲྭ་བཙུགས། བྱ་བ་ཅི་ཡང་མགོ་རྩོམ་དུས་དཀའ་ཁག་མང་པོ་ཞིག་ལ་འཕྲད་སྲིད་དེ། དང་ཐོག་ཁོ་རང་གིས་མ་དངུལ་བཏང་ནས་སྒྲོག་ཙེ་དང་རྐུབ་སྟེགས།ནག་པང་སོགས་ཉོས་ནས་སློབ་མ་ཚོར་ཕྱི་རོལ་དུ་སློབ་ཁྲིད་བྱས་པ་རེད། ཁོས“ཉི་མ་རེ་རེར་དཀའ་ངལ་དང་འགྲན་སློང་ལ་འཕྲད་ཀྱང་། ལམ་འདི་ནི་ང་རང་གིས་བདམས་པ་ཡིན་པས་སུ་ལའང་འཁང་ར་བྱེད་ས་མེད་ལ། རྒྱུན་འཁྱོངས་བྱས་ན་ད་གཟོད་མདུན་ལམ་ཞིག་ཡོད་ངེས་ཡིན”ཞེས་བཤད། ཅང་མ་འགོར་བར། དཀོན་མཆོག་སྨོན་ལམ་གྱི་དོན་དེར་ནང་ཆེན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དོ་ཁུར་བྱུང་བས། སློབ་གྲྭར་མ་དངུལ་མང་པོ་གྲབས་གསོག་ཐུབ་པ་མ་ཟད།སློབ་གསོའི་སྡེ་ཚན་དུའང་ཐོ་འགོད་བྱས་ཏེ། “ནང་ཆེན་རྫོང་དགེ་སྒྲུབ་ལས་རིགས་ལག་རྩལ་སློབ་གྲྭ”དངོས་སུ་བཙུགས།2021ལོར་ཡུས་ཧྲུའུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག སློབ་གྲྭ་དེའི་མིང་ལ“ཡུས་ཧྲུའུ་ཁུལ་བོད་ལུགས་གསོ་རིག་ལས་རིགས་སློབ་གྲྭ”ཞེས་པར་བསྒྱུར་ཏེ། ཡུས་ཧྲུའུ་ཁུལ་གྱི་སྤྱི་ཕན་རང་བཞིན་གྱི་དམངས་གཉེར་ལས་རིགས་ལག་རྩལ་སློབ་གྲྭ་དང་པོར་གྱུར། ལོ་ངོ་མང་པོར་འབད་བརྩོན་བྱས་པ་བརྒྱུད། ད་ལྟ་ཡུས་ཧྲུའུ་ཁུལ་བོད་ལུགས་གསོ་རིག་ལས་རིགས་སློབ་གྲྭས་བསྡོམས་པས་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི3.4ཟིན་པ་དང་། སློབ་གྲྭའི་སྒྲིག་བཀོད་ཡོངས་སུ་ཆ་ཚང་ཞིང་། སློབ་ཡོན་མི་དགོས་པར་སློབ་ཁྲིད་བྱེད་ཀྱི་ཡོད། ད་ལྟའི་བར་སློབ་མ646གསོ་སྐྱོང་བྱས་ནས་སློབ་མཐར་ཕྱིན་པ་དང་། ཁོ་ཚོ་ལས་ལ་ལ་སྡེ་བའི་སྨན་པ་དང་ལ་ལ་དགེ་རྒན་དུ་གྱུར་ཡོད། དཀོན་མཆོག་སྨོན་ལམ་གྱི་རོགས་རམ་འོག སློབ་བུ་དེ་དག་གིས་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་བཏང་བའི་མཚུངས་སུ་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ཀྱང་རྒྱུན་འཛིན་ཡག་པོ་ཐུབ་ཡོད། དཀོན་མཆོག་སྨོན་ལམ་གྱིས་སྤོབས་པ་ཆེན་པོས“ང་ཚོའི་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་ལེགས་པ་དང་སློབ་རིམ་འཕར་ཚད་མཐོ་བ་མ་ཟད། ད་དུང་སློབ་ཡོན་ཡང་ལེན་གྱི་མེད་པས་ཐག་རིང་འབྲོག་ཁུལ་གྱི་ཕྲུ་གུ་མི་ཉུང་བ་ཞིག་འདི་གར་ཡོང་གི་ཡོད”ཅེས་བཤད། སློབ་བུ་མི་ཉུང་བ་ཞིག་གིས་སློབ་སྦྱོང་ལ་ཧུར་ཐག་བྱས་པ་བརྒྱུད་སླར་ཡང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན། ཀན་སུའུ་འཕྲོད་བསྟེན་ལས་རིགས་སློབ་གླིང་སོགས་སུ་རྒྱུགས་འཕྲོད་པ་དང་། སློབ་མཐར་ཕྱིན་རྗེས་ཚང་མ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ཞབས་འདེགས་ཞུ་མཁན་གཙོ་བོར་གྱུར་ཡོད”ཅེས་བཤད། ལོ་ངོ18ཀྱི་རིང་ལ་ཁོས་སེམས་ཤུགས་ཡོད་ཚད་བོད་ལུགས་གསོ་རིག་ཐད་བཏོན་པས། བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་རྒྱུན་འཛིན་ཐུབ་པ་མ་ཟད། སློབ་བུ་སྔར་ལས་མང་པོའི་ལས་དབང་ལའང་འགྱུར་ལྡོག་བཏང་ཡོད། སློབ་གྲྭ་དེ་གའི་འབྲིང་རིམ་འཛིན་གྲྭ་གསུམ་པའི་སློབ་མ་སྐལ་བཟང་དོན་གྲུབ་ཀྱིས“ངས་འདི་རུ་སློབ་སྦྱོང་བྱས་ནས་ལོ་གསུམ་འགོར་ཡོད། སློབ་གྲྭའི་ཁོར་ཡུག་བཟང་བ་མ་ཟད་དགེ་རྒན་གྱིས་འགན་འཁུར་བ་ཧ་ཅང་ལེགས་པས། ངས་གོ་སྐབས་འདི་དམ་འཛིན་བྱས་ནས་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་ཡིན་ལ། རྗེས་མར་གཞི་རིམ་དུ་བསྐྱོད་དེ་མི་མང་པོར་་རོགས་རམ་བྱ་རྒྱུ་ཡིན”ཞེས་བཤད། ད་ལྟ་དཀོན་མཆོག་སྨོན་ལམ་ནི་སློབ་སྤྱི་ཡིན་མོད། འོན་ཀྱང་ཁོས་སྔར་བཞིན་སློབ་གསོའི་ལས་ཡུལ་དང་པོར་རྒྱུན་འཁྱོངས་ལྷོད་མེད་སྒོས་འབད་འབུངས་བྱེད་ཀྱིན་ཡོད། ཁོམ་སྐབས་རེ་ཡོད་ཚེ་ཁོས་ནམ་ཡང་སློབ་མ་རྣམས་ཁྲིད་དེ་རི་མགོར་སྨན་རྩྭ་འཐུ་བ་དང་ཡུལ་དངོས་སློབ་ཁྲིད་བྱས་ཏེ། ནུས་ཤུགས་ཡོད་རྒུས་སློབ་བུ་ཚོར་བོད་ལུགས་གསོ་རིག་དང་སྨན་བཅོས་ལག་རྩལ་བསླབ་ཀྱི་ཡོད། །རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།རྩོམ་སྒྲིག་འགན་འཁུར་པ། རྡོ་རྗེ་བསམ་འགྲུབ།ལྟ་སྐུལ་པ། རིག་འཛིན་ཚེ་རིང་།སྤྱིའི་ལྟ་སྐུལ་པ། ཐུ་བོ་ཆེ།