དབྱི་སི་རལ་དང་ལི་པ་ནོན་སྐྱབས་མགོན་ཏང་གི་འགལ་བ་ཛ་དྲག་ཏུ་གྱུར་བ།

文摘   2024-08-27 09:54   西藏  

ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་25ཉིན། ལི་པ་ནོན་སྐྱབས་མགོན་ཏང་གིས་དབྱི་སི་རལ་གྱིས་རྩ་འཛུགས་དེའི་མཐོ་རིམ་དམག་དོན་བཀོད་འདོམས་དཔོན་ཧྲུའུ་ཁུའུ་ཨར་ལྐོག་གསོད་བྱས་པར་འཁོན་ལན་སློག་ཆེད། ཉིན་དེར་དབྱི་སི་རལ་ལ་གཞི་ཁྱོན་ཆེ་བའི་འཇབ་རྒོལ་བྱས་པ་ཁྱབ་བསྒྲགས་བྱས་པ་རེད། དབྱི་སི་རལ་རྒྱལ་སྲུང་དམག་གིས་ཉིན་དེར། དབྱི་དམག་གིས་ལི་པ་ནོན་གྱི་སྐྱབས་མགོན་ཏང་གིས་འཇབ་རྒོལ་མ་བྱས་པའི་གོང་། སྔོན་རྒོལ་གཞན་འདུལ་གྱི་ཚུལ་དུ་ལི་པ་ནོན་མངའ་ཁོངས་ཀྱི་དམིགས་འབེན་ལ་རྡུང་རྡེག་བཏང་ཡོད་ཅེས་བརྗོད་པ་རེད། ལི་པ་ནོན་སྨྱན་སྦྱོར་གྱིས། དབྱི་སི་རལ་དམག་གི་ཐེངས་འདིའི་མཁའ་རྒོལ་གྱིས་ལི་པ་ནོན་ལ་གཏོར་བརླག་ཚབས་ཆེན་བཟོས་སོང་ཞེས་བརྗོད་འདུག 


ལི་པ་ནོན་སྐྱབས་མགོན་ཏང་གི་དྲག་དཔུང་གིས་དབྱི་སི་རལ་ལ་རིམ་པ་དང་པོའི་རྡུང་རྡེག་བཏང་བར་རྒྱལ་ཁ་ཐོབ་ཡོད་ཅེས་བཤད།



ས་གནས་དེ་གའི་དུས་ཚོད་ཚེས་25ཉིན། ལི་པ་ནོན་སྐྱབས་མགོན་ཏང་གི་དྲག་དཔུང་གིས་གསལ་བསྒྲགས་སྤེལ་ནས། དུས་རིམ་དང་པོར་དབྱི་སི་རལ་ལ་རྡུང་རྡེག་བཏང་བ་ལེགས་འགྲུབ་བྱུང་སྟེ།ཁྱོན་བསྡོམས་མེ་ཤུགས་འཕུར་མདེལ་320ལྷག་འཕངས་ཏེ། བྱང་རྒྱུད་དང་དབྱི་སི་རལ་ཕྱོགས་ཀྱིས་བཙན་བཟུང་བྱས་པའི་ཀོ་ལན་མཐོ་སའི་ཁྱོན་བསྡོམས་དབྱི་སི་རལ་དམག་གི་རྟེན་གཞི་11ལ་སོགས་པའི་དམིགས་འབེན་ལ་རྡུང་རྡེག་བཏང་ཡོད་ཅེས་བརྗོད་འདུག    ལི་པ་ནོན་སྐྱབས་མགོན་ཏང་གི་དྲག་དཔུང་གིས་གསལ་བསྒྲགས་གཞན་ཞིག་གི་ནང་དུ་ད་དུང་། ཉིན་དེར་དྲག་དཔུང་དེས་བསླངས་པའི་རྡུང་རྡེག་ཚང་མ་དམིགས་འཛུགས་བྱས་པའི་དུས་ཚོད་ནང་། ལི་པ་ནོན་དང་དབྱི་སི་རལ་གྱི་གནས་སྐབས་ས་མཚམས་ལས་བརྒལ་ཏེ། ཕྱོགས་མང་པོའི་སྔོན་བཀོད་དམིགས་འབེན་ལ་ཕོག་པར་བརྟེན། ཚེས་25ཉིན་གྱི་དམག་དོན་བྱ་སྤྱོད“ལེགས་འགྲུབ་བྱུང་ཟིན”ཞེས་འཁོད་ཡོད།



ཉིན་དེར་དབྱི་སི་རལ་བྱང་རྒྱུད་ཀྱི་གྲོང་རྡལ་ཞེ་མོ་ནཱ་དང་ཨ་ཁཱ་སོགས་ས་ཁུལ་དང་། གང་དེས་བཙན་བཟུང་བྱས་པའི་ཀོ་ལན་མཐོ་སར་མཁའ་ཟོན་ཉེན་བརྡ་མང་པོ་བཏང་བ་རེད། དབྱི་སི་རལ་གྱིས་ཐེ་ལ་ཝེ་ཧྥུ་དང་བྱང་ཕྱོགས་ས་ཁུལ་གྱི་མི་སེར་ལ་འགོག་སྲུང་ཕྱོགས་སྟོན་ཁྱབ་བསྒྲགས་བྱས་པ་དང་། ཐེ་ལ་ཝེ་ཧྥུ་ཉེ་འགྲམ་གྱི་པེན་ཀུའུ་ལི་ཨན་རྒྱལ་སྤྱིའི་གནམ་ཐང་དུ་གནམ་གྲུ་ཁ་ཤས་འཕུར་མཚམས་བཞག་པ་རེད། 



དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། ཉིན་དེར་ལི་པ་ནོན་སྐྱབས་མགོན་ཏང་གིས་ཁྱོན་བསྡོམས་དབྱི་སི་རལ་ལ་མེ་ཤུགས་འཕུར་མདེལ་210དང་མི་མེད་གནམ་གྲུ་20བཏང་མོད། མེ་ཤུགས་འཕུར་མདེལ་མང་ཆེ་བ་མཁའ་ཟོན་མ་ལག་གིས་བཀག་པའམ་ཡང་ན་ཡངས་ཤིང་རྒྱ་ཆེ་བའི་ས་ཁུལ་དུ་ལྷུང་བས་དམག་དཔུང་གི་རྟེན་གཞིར་གཏོར་བཤིག་ཕོག་མེད། འོན་ཀྱང་མེ་ཤུགས་འཕུར་མདེལ་གྱི་ཆག་རོ་མཚོ་རྒྱུད་གྲོང་ཁྱེར་ཨ་ཁ་ཡི་ཁང་བ་ཞིག་ལ་ཕོག་པས་མི་སེར་ལ་རྨས་སྐྱོན་ཕོག་འདུག་བརྗོད་ཡོད། དབྱི་སི་རལ་རྒྱལ་སྲུང་དམག་གི་མགྲིན་ཚབ་པ་ཧ་ཅ་ལི་ཡིས། ལི་པ་ནོན་སྐྱབས་མགོན་ཏང་གི་འཇབ་རྒོལ་འཆར་གཞི་དེ་ཧ་ལམ་དབྱི་དམག་གིས་གཏོར་ཕམ་བཏང་ཟིན་ཞེས་བཤད་པ་རེད།


དབྱི་སི་རལ་གྱིས་ལག་གང་སྔ་བྱས་ཏེ་ལི་པོ་ནོན་སྐྱབས་མགོན་ཏང་གི་དྲག་དཔུང་དམིགས་འབེན་ལ་རྡུང་རྡེག་བཏང་ཡོད་ཅེས་བརྗོད་པ།



དབྱི་སི་རལ་རྒྱལ་སྲུང་པུའུ་ཡིས། དབྱི་དམག་གིས་ལི་པ་ནོན་སྐྱབས་མགོན་ཏང་གིས་དབྱི་སི་རལ་ལ་གཞི་ཁྱོན་ཆེ་བའི་འཇབ་རྒོལ་བྱེད་རྒྱུ་ཡིན་པ་སྔ་ཙམ་ནས་མྱུལ་ཞིབ་བྱས་ནས་ཤེས་པ་དང་། དེ་ནས་ལི་པ་ནོན་མངའ་ཁོངས་ཀྱི་དམིགས་འབེན་ལ་སྔོན་རྒོལ་གཞན་འདུལ་གྱི་རྡུང་རྡེག་བཏང་ཡོད། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་དམག་འཐབ་གནམ་གྲུ་100ཙམ་བཏང་ནས། ལི་པ་ནོན་སྐྱབས་མགོན་ཏང་གི་དྲག་དཔུང་གིས་ལི་ནན་དུ་བཙུགས་པའི་མེ་ཤུགས་འཕུར་མདེལ་འཕེན་ཆས་སྟོང་ཕྲག་ཁ་ཤས་དང་། དེ་བཞིན་མེ་ཤུགས་འཕུར་མདེལ་འཕེན་ས་40ལས་བརྒལ་བར་རྡུང་རྡེག་བཏང་བ་དང་། མ་མཐར་ཡང་ལི་པ་ནོན་སྐྱབས་མགོན་ཏང་གི་དྲག་དཔུང་གི་ཁོངས་མི་དྲུག་རྐྱེན་ལམ་དུ་ཤོར་ཟིན་ཞེས་བརྗོད་ཡོད། 

དེའི་ཐད་ལ་ལི་པ་ནོན་སྐྱབས་མགོན་ཏང་གི་དྲག་དཔུང་ཕྱོགས་ནས་དགག་པ་བརྒྱབ་སྟེ། བཤད་ཚུལ་དེར“ཁུངས་ལུང་སྤུ་ཙམ་ཡང་མེད་ལ་དོན་དངོས་དང་ཡང་འགལ་བ་ཡོད”ཅེས་བཤད་པ་རེད།

ལི་པ་ནོན་གྱི་སྨྱན་སྦྱོར་གྱིས་ཐེངས་འདིའི་དབྱི་དམག་གི་མཁའ་རྒོལ་གྱིས་གཏོར་བརླག་ཚབས་ཆེན་བཟོས་སོང་ཟེར།

ལི་པ་ནོན་དམག་ཕྱོགས་ཀྱི་གསར་འགྱུར་མི་སྣས། དབྱི་སི་རལ་གྱི་དམག་འཐབ་གནམ་གྲུ་དང་མི་མེད་གནམ་གྲུས་ཉིན་དེར་ལི་པ་ནོན་གྱི་གྲོང་ཁྱེར་དང་གྲོང་རྡལ་23ལ་མཁའ་རྒོལ་ཐེངས་35བྱས་པ་དང་། དེའི་རིང་མཁའ་དབྱིངས་ཀྱི་འཕུར་མདེལ་70ལྷག་ཙམ་འཕངས་པ་དང་། སྒྱོགས་དམག་གིས་ད་དུང་ལི་པ་ནོན་གྱི་གྲོང་ཁྱེར་དང་གྲོང་རྡལ་19ལ་སྒྱོགས་མདེལ་50ཙམ་འཕངས་ཡོད་ཅེས་བཤད།


གཞན་ཡང་ལི་པ་ནོན་རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་25ཉིན་གྱི་ཐོ་རེངས་ནས་བཟུང་། དབྱི་སི་རལ་གྱིས་ལི་པ་ནོན་ལ་མཁའ་རྒོལ་རབ་དང་རིམ་པ་བྱས་པ་དེས། གློག་ཤུགས་དང་ཆུ་མཁོ་འདོན་མ་ལག་གཙོ་བྱས་པའི་ས་གནས་དེ་གའི་ཁང་པ་དང་རྨང་གཞིའི་སྒྲིག་བཀོད་དང་ཞིང་ལས་སྐྱེ་དངོས་ལ་གཏོར་བཤིག་ཚབས་ཆེན་ཕོག་འདུག  འདི་ནི་ན་ནིང་ལོ་མཇུག་ནས་བཟུང་ལི་པ་ནོན་དང་དབྱི་སི་རལ་གྱི་གདོང་ཐུག་འགོ་བརྩམས་པ་ནས་བཟུང་ཆེས་ཛ་དྲག་ཆེ་བའི་མཁའ་རྒོལ་བྱ་སྤྱོད་ཅིག་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章