མི་གཞན་གྱི་ཚབ་བྱས་ནས་སློབ་ཆེན་འགྲིམས་ན་ཁྲིམས་འགལ་ཡིན་ནམ།

文摘   2024-08-30 08:36   西藏  

“བརྒྱད་ལྔ”ཁྲིམས་ཁྱབ། གྱོད་ཐུང་དབྱེ་ཞིབ།

མི་གཞན་གྱི་ཚབ་བྱས་ནས་སློབ་ཆེན་འགྲིམས་ན་ཁྲིམས་འགལ་ཡིན་ནམ།


གྱོད་དཔེ།

དཔལ་ལྡན་ནི་སློབ་སྦྱོང་གི་སྦྱངས་འབྲས་ཕུལ་དུ་བྱུང་བའི་སློབ་མ་ཞིག་ཡིན་པས། ཁྱིམ་བདག་དང་སློབ་གྲྭས་ཁོ་ལ་རེ་བ་ཧ་ཅང་ཆེན་པོ་བཟུང་ཡོད། 2022ལོའི་ཟླ6པར། དཔལ་ལྡན་མཐོ་རྒྱུགས་ལ་ཞུགས་ཏེ་རྒྱུགས་འབྲས་གཡུར་དུ་ཟ་བ་བླངས་རྗེས་དགའ་སྤྲོ་ཚད་མེད་སྐྱེས་ཤིང་། རྒྱུ་མཚན་ནི་ཁོས་རྒྱུགས་འབྲས་མཐོན་པོས་སློབ་ཆེན་གྲགས་ཅན་ཞིག་ལ་མིང་ཐོ་བཀོད་ཆོག་པས་ཡིན། ཁོས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་སློབ་ཆེན་ཞིག་ཏུ་མིང་ཐོ་བཀོད་རྗེས་སློབ་ཆེན་དེ་གའི་སློབ་བསྡུའི་བརྡ་ཐོ་འབྱོར་བར་ཉིན་མཚན་ཀུན་ཏུ་རེ་སྒུག་ཆེན་པོ་བྱས། ཡིན་ན་ཡང་དུས་ཚོད་ནི་ཅི་འདྲའི་མགྱོགས་ཤིང་མིག་རྡེབ་དབང་ཙམ་གྱིས་ཟླ་གཉིས་ལྷག་འགོར་ལ་ཉེ་ཡང་། དཔལ་ལྡན་ལ་ད་རག་བར་དུ་སློབ་བསྡུའི་བརྡ་ཐོ་གཏན་ནས་མ་འབྱོར། ཕྱིས་སུ་དཔལ་ལྡན་གྱིས་སྐད་ཆ་ལྡོམ་པོ་ཞིག་གོ་བ་ལྟར་ན། རང་ཉིད་ལ་སློབ་བསྡུའི་བརྡ་ཐོ་མི་འབྱོར་དོན་ནི་འབྲུག་ལོ་ཡིས་གོང་རིམ་གྱི་དཔོན་པོ་ཁ་ཤས་ལ་རྒྱུ་ནོར་བརྫངས་རྗེས། སློབ་བསྡུའི་གཞུང་ལས་ཁང་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཡིག་ཚགས་རྫུན་མ་ལས་ཏེ་འབྲུག་ལོ་རང་ཉིད་ཀྱི་ཚབ་བྱེད་མི་རུ་བཏང་ནས་སློབ་ཆེན་འགྲིམ་དུ་བཅུག་ཟིན་པ་ཐོས།

བཅའ་ཁྲིམས་དབྱེ་ཞིབ།

གྱོད་དོན་འདི་ནི་ཕྱོགས་གཅིག་གིས་ཕྱོགས་གཞན་ཞིག་གི་ཡིག་ཚགས་རྫུན་བཟོ་བྱས་ཏེ། ཚུལ་མིན་གྱི་བྱེད་ཐབས་ལ་བརྟེན་ནས་ཕྱོགས་གཞན་ཞིག་གི་ཚབ་བྱས་ཏེ་སློབ་ཆེན་འགྲིམས་པས། ཕྱོགས་གཞན་ཞིག་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཤོར་དུ་བཅུག་པ་དང་། དེར་བཟོས་པའི་གྱོང་གུད་ལ་སྐྱིན་ཚབ་གཞལ་དགོས་མིན་གྱི་གནད་དོན་དང་འབྲེལ་བ་ཡོད། རང་རྒྱལ《རྩ་ཁྲིམས》ཀྱི་དོན་ཚན46པའི་ནང་གསེས་ཚན་པ1པོའི་གཏན་འཁེལ་ལྟར་ན། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་སློབ་གསོ་ཐོབ་པའི་ཁེ་དབང་དང་འོས་འགན་ཡོད”ཅེས་བཀོད་ཡོད། དུས་མཚུངས་སུ་རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་གཏན་འཁེལ་ལྟར་ན། “རུས་མིང་གི་དབང་ཆ་ནི་རང་བྱུང་མིར་ཁྲིམས་ལྟར་ལོངས་སུ་སྤྱོད་པའི་མི་གཤིས་ཀྱི་དབང་ཆའི་གྲས་ཤིག་ཡིན་པས། རྩ་འཛུགས་སམ་མི་སྒེར་གང་ཞིག་གིས་ཀྱང་ཐེ་གཏོགས་དང་རྐུ་སྤྱོད། རྫུན་མ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་གཞན་གྱི་རུས་མིང་གི་དབང་ཆའམ་མིང་གི་དབང་ཆར་གནོད་འཚེ་བཏང་མི་ཆོག”ཅེས་བཀོད་ཡོད། དངོས་ཡོད་འཚོ་བའི་ཁྲོད། ཁེ་དབང་ལ་གནོད་འཚེ་གཏོང་མཁན་མི་ཉུང་བ་ཞིག་གིས་མི་གཞན་གྱི་རུས་མིང་དབང་ཆར་གནོད་འཚེ་གཏོང་བའི་ཐབས་ལ་བརྟེན་ནས་སློབ་གསོ་ཐོབ་པའི་གཞི་རྩའི་ཁེ་དབང་ལ་གནོད་འཚེ་གཏོང་བར་མ་ཟད། བྱེ་བྲག་གི་གནོད་འཚེ་བཟོས་ཏེ་གནོད་འཚེ་ཕོག་མཁན་གྱི་བསམ་བློར་གནོད་འཚེ་ཚབས་ཆེན་བཟོ་སྲིད། དེར་བརྟེན། གནོད་འཚེ་ཕོག་མཁན་གྱིས་གནོད་འཚེ་གཏོང་མཁན་ལ་དེར་མཐུན་གྱི་བཅའ་ཁྲིམས་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན་ཆོག

གོང་གི་གྱོད་དོན་འདིའི་ཁྲོད་དུ། འབྲུག་ལོའི་ཁྱིམ་ཚང་གིས་ཁྲིམས་འགལ་གྱི་བྱེད་ཐབས་ལ་བརྟེན་ནས་གོང་རིམ་གྱི་མགོ་ཁྲིད་ལ་རྒྱུ་ནོར་བརྫངས་པར་མ་ཟད། དཔལ་ལྡན་གྱི་ཡིག་ཚགས་རྫུན་བཟོ་བྱས་པ་རེད། བྱ་སྤྱོད་འདིའི་རིགས་ནི་ཁྲིམས་འགལ་ཡིན་ལ་དཔལ་ལྡན་གྱི་རུས་མིང་དབང་ཆར་གནོད་འཚེ་ཡང་བཏང་བ་རེད། འབྲུག་ལོས་དཔལ་ལྡན་གྱི་ཚབ་བྱས་ནས་སློབ་ཆེན་འགྲིམས་པར་མ་ཟད། དཔལ་ལྡན་གྱི་སློབ་གསོ་ཐོབ་པའི་དབང་ཆར་གནོད་འཚེ་བཏང་སྟེ་སློབ་གསོ་ཐོབ་པའི་གོ་སྐབས་དང་དབང་ཆ་ཤོར་དུ་བཅུག་པ་དེས། དཔལ་ལྡན་གྱི་མི་ཚེ་ལ་ཤུགས་རྐྱེན་མི་དམན་པ་ཐེབས་ངེས་ལ་མི་ཚེའི་བགྲོད་ལམ་ལའང་འགྱུར་ལྡོག་ཆེན་པོ་འབྱུང་ངེས། དེ་བས་དཔལ་ལྡན་ལ་བསམ་པའི་གྱོང་གུད་ཀྱི་གྲོན་དངུལ་དང་གཞན་པའི་འབྲེལ་ཡོད་ཀྱི་དཔལ་འབྱོར་གྱོང་གུད་དེའི་སྐྱིན་ཚབ་ཐོབ་དབང་ཡོད།

ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章