ཤུལ་ནོར་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་བྱས་ཆོག་གམ།

文摘   2024-09-01 08:12   西藏  
ཤུལ་འཛིན་འགྲོ་ལུགས་བསྒྲུབས་མེད་པའི་ཤུལ་ནོར་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་བྱས་ཆོག་གམ།


བློ་མཐུན་རྩོམ་སྒྲིག་པ་ལགས།

ངའི་ཨ་ཁུ་ཕྱི་རྒྱལ་དུ་གཏན་སྡོད་བྱས་ནས་ལོ་གང་མང་འགོར་ཞིང་། ཁོ་ལ་མཚོན་ན་མི་ཤུལ་ཆད་ཅིག་ཡིན་པས་ཚེ་ལས་འདའ་ཁར་ཤུལ་གྱི་རྒྱུ་ནོར་ཡོད་ཚད་ངས་ཤུལ་འཛིན་བྱ་དགོས་པའི་ཁ་ཆེམས་བཞག ཡིན་ན་ཡང་ཁོའི་ཤུལ་ནོར་ཡོད་ཚད་ཕྱི་རྒྱལ་དུ་ཡོད་པས་ཤུལ་འཛིན་གྱི་འབྲེལ་ཡོད་འགྲོ་ལུགས་བསྒྲུབས་ན་ཤིན་ཏུ་རྙོག་འཛིང་ཆེ་སྟབས། ངས་ད་རག་བར་དུ་བསྐྱུར་ནས་འགྲོ་ལུགས་མ་བསྒྲུབས། 2022ལོའི་ཟླ2པར། ང་དང་ཆུང་མ་གཉིས་ཀའི་གཤིས་ཀ་མ་མཐུན་པའི་རྐྱེན་གྱིས་རྟག་ཏུ་དོན་དག་ཙག་ཙིག་བརྩད་དེ་ཁ་རྩོད་རྒྱུན་མི་ཆད་པས། ངེད་གཉིས་ཀྱིས་ཕན་ཚུན་ལ་གྲོས་བྱས་ནས་གཉེན་འཐོར་ཡི་གེ་བྲིས་ཏེ་རྒྱུ་ནོར་བགོ་དུས། ཆུང་མས་ངས་ཤུལ་འཛིན་བྱས་པའི་ཨུ་ཁུའི་རྒྱུ་ནོར་དེ་ནི་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལྟར་བགོ་བཤའ་རྒྱག་དགོས་པའི་རེ་བ་བཏོན་པ་ན། ངས་ཨ་ཁུའི་རྒྱུ་ནོར་ཤུལ་འཛིན་བྱེད་པའི་འབྲེལ་ཡོད་ཀྱི་འགྲོ་ལུགས་བསྒྲུབས་མེད་པས་ཆུང་མས་བཏོན་པའི་རེ་བར་ཡིད་འཐད་མ་བྱུང་། དེར་བརྟེན། ཆུང་མས་ང་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ་ངས་ཤུལ་འཛིན་བྱས་པའི་ཨ་ཁུའི་རྒྱུ་ནོར་བགོ་བཤའ་རྒྱག་དགོས་པའི་རེ་བ་བཏོན། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ངའི་ཆུང་མའི་རེ་བར་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་དམ།

ཞེས་འབུམ་རྒྱལ་གྱིས།

བློ་མཐུན་འབུམ་རྒྱལ་ལགས།

གྱོད་དོན་འདིའི་ཁྲོད་དུ། ཁྱོད་ཀྱིས་རང་གི་ཨ་ཁུའི་ཤུལ་བཞག་རྒྱུ་ནོར་ཤུལ་འཛིན་བྱེད་པའི་བྱ་སྤྱོད་ནི་བཟའ་ཚང་ཡོད་པའི་སྐབས་སུ་བྱུང་བ་ཡིན་པས། གཉེན་འཐོར་བྱེད་སྐབས་ཤུལ་བཞག་རྒྱུ་ནོར་གྱི་ཐོབ་སྐལ་དེ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་དུ་བརྩིས་ནས་བགོ་བཤའ་རྒྱག་དགོས། གོ་རིམ་གྱི་ཐོག་ནས་བཤད་ན། ཤུལ་བཞག་རྒྱུ་ནོར་ལ་འབྲེལ་ཡོད་ཀྱི་འགྲོ་ལུགས་བསྒྲུབས་མེད་པས། ཁྱོད་ཀྱི་ཆུང་མས་གཉེན་འཐོར་ཞུ་གཏུག་བརྒྱུད་ནས་ཤུལ་བཞག་རྒྱུ་ནོར་བགོ་བཤའ་རྒྱག་པའི་བསམ་ཚུལ་དངོས་མངོན་འགྱུར་བྱེད་མི་ཐུབ། རང་རྒྱལ་གྱི《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང〉གི་གཉེན་སྒྲིག་ཁྱིམ་ཚང་སྐོར་གྱི་འགྲེལ་བཤད(གཅིག)》ཀྱི་དོན་ཚན81པའི་གཏན་འཁེལ་ལྟར་ན། “གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་རིང་ཁྱོ་ཤུག་ཕྱོགས་གཅིག་ཤུལ་འཛིན་མཁན་ཡིན་པའི་ངོས་ནས་བཅའ་ཁྲིམས་ལྟར་ཤུལ་འཛིན་བྱེད་ཆོག་པའི་ཤུལ་བཞག་རྒྱུ་ནོར་དེ་ཤུལ་འཛིན་མཁན་བར་དངོས་སུ་བགོ་བཤའ་མ་བརྒྱབ་ཅིང་། གཉེན་འཐོར་ཞུ་གཏུག་བྱེད་དུས་ཕྱོགས་གཅིག་གིས་བགོ་བཤའ་རྒྱག་པའི་རེ་འདུན་ཞུས་ན། མི་དམངས་ཁྲིམས་ཁང་གིས་དོ་བདག་པ་ལ་ཤུལ་འཛིན་མཁན་བར་དངོས་སུ་ཤུལ་ནོར་བགོ་བཤའ་བརྒྱབ་རྗེས་ལོགས་སུ་ཞུ་གཏུག་བྱེད་པའི་བརྡ་གཏང་དགོས ”ཞེས་བཀོད་ཡོད། དེར་བརྟེན། གོང་གསལ་གྱི་དོན་ཚན་ལས་རྟོགས་ཐུབ་པ་ནི། ཁྱོ་ཤུག་ཕྱོགས་གཅིག་གིས་གཉེན་འཐོར་ཞུ་གཏུག་བྱེད་སྐབས། ཕྱོགས་གཅིག་གིས་ཤུལ་འཛིན་བྱས་པའི་དངོས་སུ་བགོ་བཤའ་བརྒྱབ་མེད་པའི་ཤུལ་ནོར་བགོ་བཤའ་རྒྱག་དགོས་པའི་རེ་བ་བཏོན་ཚེ་ཁྲིམས་ཁང་གིས་དོ་བདག་པ་ལ་ཤུལ་འཛིན་མཁན་བར་དངོས་སུ་ཤུལ་ནོར་བགོ་བཤའ་བརྒྱབ་རྗེས་ལོགས་སུ་ཞུ་གཏུག་བྱ་དགོས་པའི་གསལ་བཤད་བྱས་ཡོད།

དེ་བས། ཆུང་མས་ཐོག་མར་ཁྱོད་ལ་ངེས་པར་ཤུལ་ནོར་ཤུལ་འཛིན་གྱི་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་དགོས་པའི་སྐུལ་མ་གཏང་དགོས། ཤུལ་ནོར་གྱི་ཤུལ་འཛིན་བདེན་དཔང་བླངས་རྗེས། ཆུང་མས་ད་གཟོད་ཁྱོད་ཀྱིས་ཤུལ་འཛིན་བྱས་པའི་ཤུལ་ནོར་བགོ་བཤའ་རྒྱག་པའི་གནད་དོན་ཐག་གཅོད་བྱ་དགོས་པའི་ཞུ་གཏུག་བྱས་ཆོག

ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།

ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章