ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་ངོ་སྤྲོད།

文摘   2024-09-15 07:30   西藏  


ཀརྨའི་སྒར་ཆེན་འཛམ་གླིང་རྒྱན།


༡  སྒར་ཆེན་ནམ་བྱུང་།
ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་ནི།   དཔལ་ཀརྨ་པ་སྐུའི་ཕྲེང་བ་འཛིན་པ་གསུམ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེ་མཛད་པ་དང་འཕྲིན་ལས་ཕྱོགས་ཀུན་ཏུ་རྒྱས་པས།   གནས་ངེས་མེད་དང་ཡུལ་ངེས་པ་མེད་པར་འཁོར་དང་སློབ་མ་མང་པོ་འབྲོག་པའི་རུ་བ་སྤོ་བ་ལྟར་བྱས་ཏེ་བྱོན་པ་ན།   སྒར་ཆེན་འཛམ་གླིང་རྒྱན་ཞེན་པ་ཆགས།   ཆོས་འབྱུང་ལོ་རྒྱུས་ལ་ལར་ཀརྨ་པ་རོལ་པའི་རྡོ་རྗེའི་དུས་ནས་སྒར་ཆེན་འཛམ་གླིང་རྒྱན་བཙུགས་པར་གསལ་ཡང་།   མཁས་པའི་དཀའ་སྟོན་དུ།   དཔལ་ཀརྨ་པ་རང་བྱུང་རྡོ་རྗེའི་དུས་ནས་ཀྱང་སྒར་ཆེན་འཛམ་གླིང་རྒྱན་བཙུགས་ཟིན་པར་གསལ་བས་དེ་ནི་རིགས་པ་དང་ལྡན་པའོ༎

༢  སྒར་ཆེན་ཞེས་མིང་སུས་བཏགས།
ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་ཞེས་པའི་མིང་ཡང་དཔལ་ཀརྨ་པ་རང་བྱུང་རྡོ་རྗེས་བཏགས་སམ་སྙམ་སྟེ།  དེ་ཉིད་ཀྱིས་མཛད་པའི་གཞུང་རྣམས་ཀྱི་མཇུག་བྱང་དག་ཏུ།  བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག  །ཅེས་པ་དང་།   བཀྲ་ཤིས་དཔལ་འབར་རབ་འབར་དོན་རྟོགས་འཛམ་གླིང་རྒྱན་མཆོག་རྒྱལ་བ་ཉིད་དུ་ཤོག །ཅེས་དང་།  བཀྲ་ཤིས་དཔལ་འབར་བདུད་ཚོགས་ཞི་འབར་རང་བྱུང་ཡེ་ཤེས་འཛམ་གླིང་རྒྱན་མཆོག་རྒྱལ་བ་ཉིད་དུ་ཤོག  །ཅེས་དང་།  བཀྲ་ཤིས་དཔལ་འབར་བདུད་ཚོགས་ཞི་འབར་ཐུགས་རྗེ་ཆེ་འབར་བར་ཆད་སེལ་བར་འཛམ་གླིང་རྒྱན་མཆོག་རྒྱལ་བ་ཉིད་དུ་ཤོག །ཅེས་དང་།  བཀྲ་ཤིས་དཔལ་འབར་རབ་འབར་རབ་བརྟན་རྒྱལ་བའི་རྒྱན་དུ་ཤོག །ཅེས་དང་།  བཀྲ་ཤིས་དཔལ་འབར་རབ་འབར་འཛམ་གླིང་རྒྱན་དུ་ཤོག ། ཅེས་དང་།  བཀྲ་ཤིས་དཔལ་འབར་དུག་གསུམ་ཞི་འབར་འཛམ་གླིང་རྒྱན་དུ་ཤོག །ཅེས་འཛམ་གླིང་རྒྱན་ཞེས་པའི་ཐ་སྙན་འདི་དཔལ་རང་བྱུང་བ་ཉིད་ཀྱི་དམིགས་བསལ་བེད་སྤྱོད་མཛད་བཞིན་ཡོད་པ་ལ་བརྟགས་ན།   ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་ཞེས་པ་རང་བྱུང་བས་བཏགས་ཡོད་དོ་སྙམ་པ་ཞིག་འདུག   འོན་ཀྱང་འདི་དག་ལ་ཞིབ་ཏུ་བརྟག་དགོས་སོ༎

༣  སྒར་ཆེན་འཇམ་གླིང་རྒྱན་གྱི་བཤད་སྒྲུབ་བྱ་ཚུལ།
སྒར་ཆེན་འཛམ་གླིང་རྒྱན་ནི་ཀརྨ་པ་རང་བྱུང་རྡོ་རྗེ་ནས་དབུ་བཟུང་ཞིང་ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་ཡར་མིན་གྱི་བར་དུ་བརྟན་ལྷིང་ངང་གནས།  ལྷག་ཏུ་བདུན་པ་ཆོས་གྲགས་རྒྱ་མཆོ་དང་།  བརྒྱད་པ་མི་བསྐྱོད་རྡོ་རྗེའི་སྐབས་སུ་དར་རྒྱས་ཧ་ཅང་ཆེན་པོ་བྱུང་།   ལྔ་པ་དེ་བཞིན་གཤེགས་པའི་དུས་སུ་སྒར་ཆེན་འཛམ་གླིང་རྒྱན་གྱི་ཀློག་པ་ཐོས་བསམ་པའི་སྡེས་རྒྱལ་བའི་བཀའ་འགྱུར་ཆེན་མོ་ལ་ལྟ་ཀློག་བྱེད་པར་མ་ཟད།  ཞོགས་པའི་གསོལ་ཆས་མ་བཞེས་པའི་གོང་ལ་ཉིན་ལྟར་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཚར་རེ་ཀློག་འདོན་བྱེད་བཞིན་ཡོད་པར་གྲགས།  འདི་ནི་སྒར་ཆེན་འཛམ་གླིང་རྒྱན་ཙམ་ལས་བོད་གངས་ཅན་ལྗོངས་སུ་མ་ཟད།  འཕགས་ཡུལ་སོགས་སུའང་ཡོད་པར་མ་མཐོང་།   སྒྲ་ཚད་གཟོ་གསོ་སོགས་ཐུན་མོང་གི་རིག་གནས་དང་།   རང་བརྟག་བརྒྱུད་གསུམ་སོགས་གཙོས་པའི་གཞུང་བཤད་སོགས་རྒྱ་ཆེར་དར།  
ཆགས་མེད་གཏོར་མའི་ཞལ་གདམས་ལས།
འདི་མན་དཀར་གཏོར་རིགས་ལྔ་འདི་དག་ལ། །སྨན་སྒྲུབ་བདུད་རྩི་རིལ་བུ་བསྲེ་མི་རུང་། །ཆང་ནི་བསྲེས་ཀྱང་འགལ་བ་མེད་པ་སྟེ། །ཀླུ་སྨན་ཕྱེ་མ་འོ་མ་ཅུང་ཙམ་བསྲེ། །ཐུད་སོགས་དཀར་གསུམ་ལ་ནི་བཅས་ཀྱང་ལེགས། །ཆང་ནི་བསྲེས་ཀྱང་རུང་ལ་མ་བསྲེས་ཀྱང་རུང་། །སྔགས་བདག་གཏོར་མ་ཟུར་གཉིས་འཁྱིལ་པ་སྟེ། །འཁྱིལ་པའི་ནང་དུ་རིལ་བུ་གཉིས་དང་ནི། །དབུས་ཀྱི་འབུར་དང་གསུམ་པོ་ནོར་བུའི་དབྱིབས། །སྔགས་བདག་འཛམ་སེར་གཅིག་གསུང་ནོར་ལྷའི་རིགས། །མདུན་ལོགས་སྔགས་བདག་རྒྱབ་ལོགས་མི་མགོན་དཀར། །སྨད་ནི་ཟླུམ་པོ་འཁོར་གྱི་ཀླུ་ས་བདག །འདབ་མ་བརྒྱད་སྦྱར་ཀླུ་ཆེན་བརྒྱད་ཡིན་ཏེ། །པདྨ་འདབ་བརྒྱད་ཀླུ་ཡི་དཀྱིལ་འཁོར་ཚང་།  །འདི་མིན་དཀར་གཏོར་བཞི་པོ་ཐམས་ཅད་དང་། །མར་རྒྱན་གསུམ་རེ་བཙུགས་པ་མཚོན་བྱ་མེད། ། སྒར་ཆེན་འཛམ་གླིང་རྒྱན་པའི་ཕྱག་ལེན་ལགས།  ། ཞེས་པས་ཐུན་མོང་གི་རིག་གནས་གཟོ་གསོ་རྩིས་སྙན་ངག་སོགས་དང་ཐུན་མིན་མདོ་སྔགས་སོགས་ལ་བཤད་པ་དང་བསྒྲུབ་པ་ཚུལ་དང་ལྡན་ཡོད་པར་མ་ཟད།  ཆོ་ག་ཕྱག་ལེན་དང་བཅས་བླ་ན་མེད་པ་ཡོད་དོ༎

དཔྱད་པའི་གཞི་ཙམ་དུ་ཁྱེའུས་མཚུར་ལུགས་ཀྱི་གྲོ་བཞིན་ཟླ་བའི་ཚེས་བཅུ་ཉིན་བྲིས།


多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章