▶སྲོག་ཐོག་ཏུ་བཏང་འདུག ཐོག་ཁང་ནས་གཤམ་དུ་སོ་ཕག་བསྐྱུར་མཁན་དེ།

文摘   2024-10-23 16:09   中国  

ཟླ་10བའི་ཚེས་21ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཀྲོའུ་ཆེ་གེ་མོས་ཉེན་ཁ་ལྡན་པའི་བྱ་ཐབས་ཐོག་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོས་པར་སྲོག་ཁྲིམས་བཅད་པའི་དཔྱད་ཁྲར་བསྐྱར་ཞིབ་བྱས་པ་དེར་ཁྲིམས་ལྟར་ཁྲུན་ཐག་བཅད་ནས། ཀྲོའུ་ཆེ་གེ་མོར་སྲོག་ཁྲིམས་གཅོད་རྒྱུར་ཞིབ་མཆན་བཀོད་པ་དང་། དུས་ཐོག་ཏུ་ལག་བསྟར་བྱ་རྒྱུའི་ཁྲུན་ཐག་བཅད་འདུག ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བཏང་བའི་སྲོག་ཁྲིམས་བཅད་པར་བསྐྱར་ཞིབ་བྱས་པའི་ཁྲུན་གཅོད་ལ་གཞིགས་ནས། ཀྲོའུ་ཆེ་གེ་མོ་ཟླ་10བའི་ཚེས་21ཉིན་སྲོག་ཐོག་ཏུ་བཏང་བ་རེད།

དེ་ཡང་སྤྱི་ལོ་2023ལོའི་ཟླ་བ་6པར། ལོ་ཉི་ཤུ་རྩ་བརྒྱད་ལ་སོན་པའི་བུ་མོ་ཞའོ་ལུའུ་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་གྱི་མཚན་མོའི་ཁྲོམ་རའི་སྟབས་ཟས་ཁྲོམ་ལམ་དུ་ཡོད་པའི་སྐབས་ཀྲོའུ་ཆེ་གེ་མོས་ཐོག་ཁང་ནས་འཕངས་པའི་སོ་ཕག་ཞིག་ཁོང་མོའི་མགོ་བོར་ཕོག་ནས་གྲོངས་པ་དང་། སོ་ཕག་འཕེན་མཁན་སྐྱེས་པ་ཀྲོའུ་ཆེ་གེ་མོས་དེའི་གོང་དུ་ཡང་ཐོག་ཁང་ནང་ནས་ཤོང་ཚད་ལ་ཧྲེང་ལྔ་ཡོད་པའི་འགྱིག་དམ་ཆུ་རྡག་རྡག་བླུགས་པ་གཉིས་དང་། ཁ་ཕྱེ་མེད་པའི་ཁུ་ནག་ལྕགས་ཀྲིན་གསུམ་འཕངས་པ་དེ་དག་མི་གཞན་པ་གཉིས་ལ་ཕོག་པ་རེད། ལོ་དེའི་ཟླ་12པའི་ཚེས་13ཉིན་ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཀྲོའུ་ཆེ་གེ་མོ་སྲོག་ཐོག་ཏུ་གཏོང་རྒྱུ་དང་། ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ། འདས་པོའི་ཁྱིམ་མིར་འདས་འཇུག་འགྲོ་གྲོན་སོགས་སྒོར་ཁྲི་4ལྷག་ཙམ་འཇལ་དགོས་པའི་ཁྲིམས་ཐག་བཅད་ཡོད་པ་རེད།

འོ་ན་མཐོ་ས་ནས་དངོས་པོ་གཤམ་དུ་བསྐྱུར་བར་སྲོག་ཁྲིམས་གཅོད་དགོས་དོན་གང་ཡིན་ནམ་ཞེ་ན། དེའི་ཐད་རིགས་གཅིག་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། རང་རྒྱལ་གྱི་ཉེས་དོན་བཅའ་ཁྲིམས་ནང་མཐོ་ས་ནས་གཤམ་དུ་དངོས་པོ་བསྐྱུར་བའི་ཉེས་པའི་སྐོར་ལ་གཏན་འབེབས་ཁ་གསལ་བྱས་ཡོད་པ་དང་། ཁང་པའམ་དེ་མིན་གྱི་མཐོ་ས་ནས་གཤམ་དུ་དངོས་པོ་བསྐྱུར་བའི་བྱས་ཉེས་ཚབས་ཆེན་པོ་ཡོད་ན་ལོ་གཅིག་མན་གྱི་དུས་བཀག་བཙོན་འཇུག་གམ་ཡང་ན། བཀག་ཉར་རམ་རྩིས་སྤྲོད་དོ་དམ་བྱ་རྒྱུ་མ་ཟད། ཆབ་སྦྲགས་སུ་དངུལ་ཆད་གཅོད་པའམ་ཡང་ན་དངུལ་ཆད་ཁོ་ན་གཅོད་རྒྱུ་ཡིན་པ་རེད། དམིགས་བསལ་དོ་སྣང་བྱ་དགོས་པ་ཞིག་ནི། གལ་སྲིད་བྱེད་སྟངས་དེས་ཆབས་ཅིག་ཏུ་ཉེས་བསགས་ཀྱི་བྱས་ཉེས་བཟོས་ན། ཉེས་ཆད་ཅུང་ལྕི་བའི་གཏན་འབེབས་ལ་གཞིགས་ནས་ཉེས་པ་གཏན་འཁེལ་དང་ཆད་པ་གཅོད་རྒྱུ་རེད། 

སྲོག་ཁྲིམས་བཅད་པར་བསྐྱར་ཞིབ་བྱས་པའི་གྱོད་གཞི་དེའི་ནང་། ཞུ་སྦྱོར་ཕྱི་མ་ཀྲོའུ་ཆེ་གེ་མོས་ཁང་པའི་ནང་ནས་གཤམ་དུ་སོ་ཕག་བསྐྱུར་བའི་གྱོད་གཞི་དེས་མི་འཆི་འདས་ཀྱི་མཇུག་འབྲས་ངན་པ་བཟོས་པ་དང་། དེའི་ཐོག་བྱ་སྤྱོད་དེ་ནི་ཀྲོའུ་ཆེ་གེ་མོས་ཉེན་ཁ་ཡོད་པ་ཤེས་བཞིན་དུ་ཀུན་སློང་ངན་པ་བཅངས་ནས་སྤེལ་བ་ཞིག་ཡིན་ཞིང་། ཉེས་སྤྱོད་དེའི་ངན་ཚབས་ཆེ་ལ། ཉེན་ཁ་ལྡན་པའི་བྱ་ཐབས་ཐོག་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ཁོངས་སུ་གཏོགས་པས། ཉེས་ཆད་ལྕི་ཤོས་སྲོག་ཁྲིམས་བཅད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

神奇民间
你们好!
 最新文章