༄། །རྩེ་ཞྭའི་བཤད་པ་མང་ཐོས་ཞལ་རྒྱུན་བཞུགས་སོ།།
དམ་ཆོས་འདུལ་བའི་བསྟན་པ་འཕེལ་ཞིང་རྒྱས་པར་བྱེད་པའི་རྩེ་ཞྭ་ཞེས་སུ་གྲགས་པ་འདི་ལ། དང་པོ་ལོ་རྒྱུས་དང་བྱུང་ཁུངས། བར་དུ་མཚོན་དོན་དང་དགོས་ཆེད། ཐ་མ་གྱོན་ཚུལ་གྱི་ཕྱག་བཞེས་གསུམ་ལས། ཞྭ་འདི་བླ་ཆེན་དགོངས་པ་རབ་གསལ་གྱི་ཀླུས་མེས་ཚུལ་ཁྲིམས་ཤེས་རབ་ལ་གནང་ནས། ང་ཡིས་སྒོམ་པ་བྱེད་པའི་ཚེ་གྱོན་པ་ཡིན་པས་བྱིན་རླབས་ཡོད། ཁྱོད་ཀྱི་བླ་མའི་རྟེན་འབྲེལ་འབྲལ་བ་མེད་པར་བསྣམས་ཤིག་དང་། རྟེན་འབྲེལ་གྱི་སྒོ་ཁྱད་པར་ཅན་ཞིག་ཡོད་གསུངས། ཞྭ་ཁ་དོག་དཀར་པོ་ཡོད་པས་འདུལ་བ་དང་མི་འགལ་ལམ་ཞུས་པས། འོ་ན་ཁ་བསྒྱུར་ཅིག་གསུངས་པས། ཀླུ་མེས་ཀྱིས་ས་སེར་པོ་བྱུག་པས་འདུལ་བའི་བསྟན་པ་འཛམ་བུའི་ཆུ་སེར་དང་འདྲ་བས་དབུས་གཙང་ཁྱབ་པར་ལུང་བསྟན། ཐུབ་བསྟན་རྒྱས་བྱེད་རྟེན་འབྲེལ་གྱི་ཡང་རྩེར་གྱུར་པས་མིང་ལ་རྩེ་ཞྭར་གྲགས། མཚོན་དོན་དང་དགོས་ཆེད་ནི། ཞྭ་དམར་བཞི་པ་སྤྱན་སྔ་ཆོས་ཀྱི་གྲགས་པས་ས་བཟང་ནི་རིང་པཎ་ཆེན་ལ་གནང་བས་ལོག་རྟོག་ཀུན་སེལ་ནས། ཞྭ་ནང་སྟོང་པ་འོད་གསལ་ཆོས་ཀྱི་སྐུ། །ཞྭ་ཐོད་ཐལ་སྦྱར་ཟུང་འཇུག་ལོངས་སྤྱོད་རྫོགས། །ཞྭ་ཡི་ཟེ་བ་སངས་རྒྱས་སྟོང་སྐུ་མཚོན། །ཞྭ་ཡི་དངོས་གཞི་འཕགས་པའི་དགེ་འདུན་ཚོགས། །ཞྭ་ཡི་སྤུ་ཉག་ཆོས་ཕུང་བརྒྱད་ཁྲི་མཚོན། །ཞྭ་ཡི་གུང་སྦྱོར་ཚོགས་གཉིས་ཟུང་དུ་འཇུག །ཞྭ་འདབ་ཟུང་འབྲེལ་བདེན་གཉིས་ཟུང་འཇུག །ཞྭ་ཕྱི་སེར་བས་འདུལ་བ་མདོ་སྡེ་མཚོན། །ཞྭ་ནང་དམར་བས་མངོན་པ་གསང་སྔགས་མཚོན། །ཞྭ་འདབ་ཚེམ་སྐོར་ཆོས་སྐྱོང་སྲུང་མ་མཚོན། །ཞེས་གསུངས་པ་ལྟར་རོ།། ཀླུ་འབུམ་མཁན་པོ་བྱང་ཆུབ་རབ་གསལ་གྱིས་ཞྭ་མོ་ཞྭ་ལག་དང་བཅས་པ་ཕྱི་སེར་ནང་སེར་དགོས། དེང་སང་མཛེས་ཆོས་ཀྱིས་ཞྭ་ལག་དང་ནང་ཤ་དམར་པོ་བྱས་པ་རེད་གསུངས་ཀྱང་། ཞྭ་དམར་སྤྱན་སྔའི་དུས་ནས་ཞྭ་ནང་ཞྭ་འདབ་དམར་པོ་ཡིན་འདུག་པས་ཕྱིས་ཀྱི་གསར་དྲན་མིན་པར་ངེས་སོ།། ཞྭ་ལག་གླིང་བཞིར་བཅད་དེ་བརྩེགས་པས་ན་རྣམ་ཐར་སྒོ་བཞི་མཚོན། ཞྭ་ལག་གི་ཕྱོགས་རེར་གླིང་རེའི་སྟེང་དུ་གཤར་གཤར་གཉིས་གཉིས་ཏེ་ཕྱོགས་གཉིས་བསྡོམས་པའི་གཤར་བཅུ་གཉིས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་མཚོན། ཞྭ་ལག་གི་རྒྱབ་ནས་སྟོད་སྨད་གཉིས་དང་དབུས་སུ་ཟུང་གདབ་པས་སྐུད་པའི་ཕན་ཡོན་གསུམ་ཡོད་པ་ནི་བསླབ་པ་གསུམ་ཡ་མ་བྲལ་བའི་མཚོན་བྱེད་ཡིན་པར་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་གསུངས། གྱོན་ཚུལ་གྱི་ཕྱག་བཞེས་ལ། ཚོགས་སྐབས་དང་གྲོལ་སྐབས། ཚོགས་སུ་ཤེས་བརྗོད་མཛད་སྐབས་གྱོན་པས་བསྟན་པ་དར་བའི་རྟེན་འབྲེལ་ཡོད། ཚོགས་སུ་གྲྭ་མང་བཞུགས་བཞིན་པའི་ཚེ། བླ་མ་ཚོགས་དབུས་སུ་ཕེབ་ཚེ་ཐམས་ཅད་ཀྱིས་ཞྭ་ལག་ནས་བཟུང་ཞྭ་མོ་ས་ལ་བཏིང་བ་བླ་མའི་ཞབས་སྤྱི་བོར་ལེན་པའི་ཚུལ། བླ་མ་ཁྲི་ཐོག་ཏུ་བཞུགས་ཟིན་པ་དང་ཞྭ་མོ་ཕྲག་ཏུ་ཟེ་སྒྲོ་འགྲམས་པ་དང་ཞྭ་ལག་མདུན་དུ་བསྟན་ནས་བཀལ་བཀམ། ཚོགས་པ་ཚོགས་སྐབས་བླ་མ་བཞུགས་ཁྲིར་འཁོད་ཟིན་ན། ཕྱི་ནས་དབུ་ཞྭ་གྱོན་ཏེ་ཚོགས་ཤིང་ནང་དུ་བླ་མ་མཇལ་བ་དང་སྔ་རིམ་གྱི་དབུ་ཞྭ་ཕུད་ནས་ཕྱག་ཏུ་བསྣམས་ཤིང་ཕྲག་པར་བཀལ་བའམ་འཇོག་པ་སོགས་གང་བདེ་བྱ། ཞྭ་བླ་མའི་རྟེན་འབྲེལ་ཡིན་པས་རང་གི་ཞབས་སུ་མནན་མི་རུང་། ཞྭ་རྟ་ཐོག་ཏུ་ལྡོག་ཏེ་གྱོན་པ་ནི་སྟབས་བདེ་བའི་ཆད་རྩམ་ལས་དགོས་པ་མེད་ཅེས། མཁས་དབང་ཚུལ་ཁྲིམས་རྣམ་རྒྱལ་གྱི་གསུང་རྒྱུན། ཀླུ་འབུམ་དགེ་བཤེས་བྱང་ཆུབ་རབ་གསལ་གྱིས་གསུངས་པ་ལགས། རྟེན་འབྲེལ་ཁྱད་འཕགས་ཐུབ་བསྟན་ཡང་རྩེའི་ཞྭ། །བྱུང་ཚུལ་མཚོན་དོན་གྱོན་ཕུད་སྤྱོད་ལམ་ཚུལ། །མཁས་པ་མང་པོའི་ཞལ་ལས་ཐོས་པའི་རྒྱུན། །འདུལ་འཛིན་མཁན་པོས་ཡི་གེར་བཀོད་པ་དགེ། ། །།