རྒྱལ་སྲུང་སློབ་གསོ་བཅའ་ཁྲིམས། (གཅིག)

政务   2024-09-19 11:55   青海  

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོ་བཅའ་ཁྲིམས》

དཀར་ཆག 

ལེའུ་དང་པོ། སྤྱིའི་རྩ་དོན། 

ལེའུ་གཉིས་པ། སློབ་གྲྭའི་རྒྱལ་སྲུང་སློབ་གསོ།

ལེའུ་གསུམ་པ། སྤྱི་ཚོགས་ཀྱི་རྒྱལ་སྲུང་སློབ་གསོ།

ལེའུ་བཞི་པ། རྒྱལ་སྲུང་སློབ་གསོའི་འགན་སྲུང་།

ལེའུ་ལྔ་པ། ཁྲིམས་ལུགས་འགན་འཁྲི།

ལེའུ་དྲུག་པ། ཞར་བྱུང་དོན་ཚན།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། རྒྱལ་སྲུང་སློབ་གསོ་ཁྱབ་གདལ་དང་དེར་ཤུགས་སྣོན་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་དགོངས་པ་དར་སྤེལ་གཏོང་བ། རྒྱལ་སྲུང་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། རྩ་ཁྲིམས་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་བཅའ་ཁྲིམས》། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས》ལ་གཞིགས་ཏེ། བཅའ་ཁྲིམས་འདི་བཏོན་པ་ཡིན།

དོན་ཚན་གཉིས་པ། རྒྱལ་ཁབ་ཀྱིས་སྤྱི་དམངས་ཡོངས་ཀྱི་ཁྲོད་དུ་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བཟུང་བ་དང་། རྒྱལ་སྲུང་གི་འོས་འགན་སྒྲུབ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ཤེས་བྱ། རྩལ་ནུས། དེ་བཞིན་ཚན་རྩལ་དང་བཅའ་ཁྲིམས། སེམས་ཁམས་ལ་སོགས་པའི་ཐད་ཀྱི་རྒྱལ་སྲུང་སློབ་གསོ་སྤེལ་དགོས།

རྒྱལ་སྲུང་སློབ་གསོ་ནི་རྒྱལ་སྲུང་འཛུགས་སྐྲུན་དང་སྲ་བརྟན་དུ་གཏོང་བའི་རྨང་གཞི་ཡིན་ལ། མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ཇེ་དྲག་དང་དམངས་ཡོངས་ཀྱི་བྱང་ཚད་མཐོར་འདེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན།

དོན་ཚན་གསུམ་པ། རྒྱལ་སྲུང་སློབ་གསོས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། སྤྱི་དམངས་ཡོངས་ཀྱིས་རྒྱལ་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སེམས་ཁྲལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རྒྱལ་སྲུང་གི་ཤེས་བྱ་ཁོང་དུ་ཆུད་པ། རྒྱལ་སྲུང་གི་རྩལ་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁྲིམས་ལྟར་རྒྱལ་སྲུང་འོས་འགན་བསྒྲུབ་དགོས།

དོན་ཚན་བཞི་པ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་གཅིག་བསྡུས་གཅིག་གྱུར་དང་། ལས་བགོས་འགན་འཁུར། དམག་དཔུང་དང་ས་གནས་མཐུན་སྦྱོར་བཅས་ཀྱི་རྒྱལ་སྲུང་སློབ་གསོའི་མགོ་ཁྲིད་སྒྲིག་སྲོལ་འཛུགས་དགོས།

དོན་ཚན་ལྔ་པ། ཀྲུང་དབྱང་གི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་ཁྲིད་སྟོན་དང་ལྟ་སྐུལ། གཅིག་གྱུར་གྱིས་མཐུན་སྦྱོར་བཅས་བྱེད་པའི་འགན་འཁུར་དགོས། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་རང་རང་གི་འགན་འཁྲི་ཁྱབ་ཁོངས་སུ་རྒྱལ་སྲུང་སློབ་གསོའི་ལས་དོན་སྒྲུབ་འགན་འཁུར་དགོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ཁག་བགོས་ལྟར་ཀྲུང་དབྱང་གི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཙོ་གཉེར་སྡེ་ཁག་ལ་གཞོགས་འདེགས་ཀྱིས་རྒྱལ་སྲུང་སློབ་གསོ་སྤེལ་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་རང་གི་སྲིད་འཛིན་ས་ཁོངས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་ཁྲིད་སྟོན་དང་ལྟ་སྐུལ། གཅིག་གྱུར་གྱིས་མཐུན་སྦྱོར་བཅས་བྱེད་པའི་འགན་འཁུར་དགོས་ལ། འབྲེལ་ཡོད་སྡེ་ཁག་གཞན་དག་གིས་གཏན་འབེབས་བྱས་པའི་འགན་འཁྲི་ཁྱབ་ཁོངས་སུ་རྒྱལ་སྲུང་སློབ་གསོའི་ལས་དོན་བསྒྲུབ་དགོས། ས་གནས་བཅའ་སྡོད་དམག་དོན་ལས་ཁུངས་ཀྱིས་ས་གནས་ཀྱི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཙོ་གཉེར་སྡེ་ཁག་དང་ལྷན་དུ་རྒྱལ་སྲུང་སློབ་གསོ་སྤེལ་དགོས།

དོན་ཚན་དྲུག་པ། རྒྱལ་སྲུང་སློབ་གསོ་སྤེལ་བར་དམངས་ཡོངས་ཞུགས་པ་དང་ཡུན་རིང་རྒྱུན་འཁྱོངས། ཕན་འབྲས་ཐོན་ཐབས་བྱེད་པ་བཅས་ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ནས། རྒྱུན་དུ་སློབ་གསོ་གཏོང་བ་དང་གཅིག་བསྡུས་ཀྱིས་སློབ་གསོ་གཏོང་བ་ཟུང་འབྲེལ་དང་། ཡོངས་ཁྱབ་ཏུ་སློབ་གསོ་གཏོང་བ་དང་གཙོ་གནད་དུ་བཟུང་སྟེ་སློབ་གསོ་གཏོང་བ་ཟུང་འབྲེལ། རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་གཏོང་བ་དང་བྱ་སྤྱོད་ཐད་ཀྱི་སློབ་གསོ་གཏོང་བ་ཟུང་འབྲེལ་བཅས་བྱེད་པའི་རྩ་དོན་ལག་བསྟར་བྱེད་དགོས་པ་དང་། སློབ་གསོ་གཏོང་ཡུལ་མི་འདྲ་བར་གཞིགས་ཏེ་བབ་མཚུངས་ཀྱི་སློབ་གསོའི་ནང་དོན་གཏན་ཁེལ་བྱས་ནས་རིགས་དབྱེ་ལག་བསྟར་བྱེད་དགོས།

དོན་ཚན་བདུན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚང་མར་རྒྱལ་སྲུང་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་དང་འོས་འགན་ཡོད།

རྒྱལ་སྲུང་སློབ་གསོ་ཁྱབ་གདལ་དང་དེར་ཤུགས་སྣོན་རྒྱག་པ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན།

རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་ཆས་སྟོབས་ཤུགས། སྲིད་ཏང་ཁག་དང་མི་དམངས་ཀྱི་ཚོགས་པ་ཁག ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས། རྩ་འཛུགས་གཞན་དག་བཅས་ཚང་མས་རང་ས་ཁུལ་དང་། རང་སྡེ་ཁག རང་སྡེ་ཚན་བཅས་སུ་རྒྱལ་སྲུང་སློབ་གསོ་སྤེལ་བར་སྒྲིག་འཛུགས་བྱེད་དགོས།

དོན་ཚན་བརྒྱད་པ། རྒྱལ་སྲུང་སྐུལ་སློང་དང་དམག་ཞབས། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན། རྒྱལ་སྲུང་ཚན་རིག་ཞིབ་འཇུག་དང་ཐོན་སྐྱེད། མཐའ་སྲུང་དང་མཚོ་སྲུང་། མི་དམངས་ཀྱི་མཁའ་ཟོན། རྒྱལ་སྲུང་འགྲིམ་འགྲུལ་སོགས་ཀྱི་ལས་དོན་གཙོ་གཉེར་སྡེ་ཁག་གིས་བཅའ་ཁྲིམས་འདི་དང་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་རྒྱལ་སྲུང་སློབ་གསོ་སྤེལ་དགོས།

བཟོ་ཚོགས་དང་གུང་ཁྲན་རིང་ལུགས་ཀྱི་གཞོན་ནུ་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། མང་ཚོགས་ཚོགས་པའི་རྩ་འཛུགས་གཞན་དག་བཅས་ཀྱིས་སོ་སོའི་ལས་དོན་ཁྱབ་ཁོངས་སུ་རྒྱལ་སྲུང་སློབ་གསོ་སྤེལ་དགོས།

དོན་ཚན་དགུ་པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གཏན་འབེབས་ལྟར་རྒྱལ་སྲུང་སློབ་གསོ་སྤེལ་དགོས།

དོན་ཚན་བཅུ་པ། སྤྱི་ཚོགས་ཀྱི་རྩ་འཛུགས་དང་མི་སྒེར་གྱིས་རྒྱལ་སྲུང་སློབ་གསོར་ཕན་པའི་བྱེད་སྒོ་སྤེལ་བར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་དང་བསྔགས་སྐུལ་བྱེད་དགོས།

དོན་ཚན་བཅུ་གཅིག་པ། རྒྱལ་སྲུང་སློབ་གསོའི་ལས་དོན་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་རྩ་འཛུགས་དང་མི་སྒེར་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

དོན་ཚན་བཅུ་གཉིས་པ། ལོ་རེའི་ཟླ་དགུ་པའི་གཟའ་འཁོར་གསུམ་པའི་གཟའ་སྤེན་པ་ནི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ་ཡིན།

ལེའུ་གཉིས་པ། སློབ་གྲྭའི་རྒྱལ་སྲུང་སློབ་གསོ།

དོན་ཚན་བཅུ་གསུམ་པ། སློབ་གྲྭའི་རྒྱལ་སྲུང་སློབ་གསོ་ནི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་རྨང་གཞི་ཡིན་ལ། བྱང་ཚད་སློབ་གསོ་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན།

སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་རྒྱལ་སྲུང་སློབ་གསོ་སྤེལ་བ་དེ་ལས་ཀའི་འཆར་གཞི་ནང་བཀོད་དེ། སློབ་གྲྭའི་རྒྱལ་སྲུང་སློབ་གསོ་སྤེལ་བར་སྒྲིག་འཛུགས་དང་སློབ་སྟོན། ལྟ་སྐུལ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། སློབ་གྲྭའི་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་དུས་བཅད་ནང་དཔྱད་ཞིབ་བྱེད་དགོས།

སློབ་གྲྭས་རྒྱལ་སྲུང་སློབ་གསོ་དེ་སློབ་གྲྭའི་ལས་ཀ་དང་སློབ་ཁྲིད་ཀྱི་འཆར་གཞིའི་ནང་བཀོད་དེ། བྱེད་ཐབས་ནུས་ལྡན་སྤྱད་དེ་རྒྱལ་སྲུང་སློབ་གསོའི་སྤུས་ཚད་དང་ཕན་འབྲས་ལ་ཁག་ཐེག་བྱེད་དགོས།

དོན་ཚན་བཅུ་བཞི་པ། སློབ་ཆུང་དང་དམའ་རིམ་སློབ་འབྲིང་གིས་རྒྱལ་སྲུང་སློབ་གསོའི་ནང་དོན་དེ་འབྲེལ་ཡོད་སློབ་ཚན་དུ་འཇུག་དགོས་པ་དང་། སློབ་ཁང་སློབ་ཁྲིད་དང་སློབ་གསེང་བྱེད་སྒོ་ཟུང་དུ་སྦྲེལ་ཏེ། སློབ་ཆུང་སློབ་མར་རྒྱལ་སྲུང་གི་འདུ་ཤེས་ངེས་ཅན་ལྡན་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་མས་རྒྱལ་སྲུང་གི་ཤེས་བྱ་དང་རྒྱལ་སྲུང་རྩལ་ནུས་རགས་ཙམ་ཤེས་པར་བྱེད་དགོས།

སློབ་ཆུང་དང་དམའ་རིམ་སློབ་འབྲིང་གིས་སློབ་མ་སྒྲིག་འཛུགས་བྱས་ཏེ་རྒྱལ་སྲུང་སློབ་གསོ་བརྗོད་དོན་ཡིན་པའི་ན་ཆུང་དམག་དོན་སློབ་གྲྭའི་བྱེད་སྒོ་སྤེལ་ཆོག སློབ་གསོའི་སྲིད་འཛིན་སྡེ་ཁག་དང་གུང་ཁྲན་རིང་ལུགས་ཀྱི་གཞོན་ནུ་ཚོགས་པ། འབྲེལ་ཡོད་སྡེ་ཁག་གཞན་དག་བཅས་ཀྱིས་ན་ཆུང་དམག་དོན་སློབ་གྲྭའི་བྱེད་སྒོར་སློབ་སྟོན་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།

སློབ་ཆུང་དང་དམའ་རིམ་སློབ་འབྲིང་གིས་དགོས་མཁོར་གཞིགས་ཏེ་སློབ་གྲྭའི་ཕྱི་ནས་ཟུར་ཁྲིད་པ་གདན་འདྲེན་ཞུས་ནས་སློབ་གྲྭར་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་རོགས་བྱས་ཆོག

དོན་ཚན་བཅོ་ལྔ་པ། མཐོ་འབྲིང་དུས་རིམ་གྱི་སློབ་གྲྭས་འབྲེལ་ཡོད་སློབ་ཚན་ཁྲོད་དུ་ཆེད་དམིགས་ཀྱིས་རྒྱལ་སྲུང་སློབ་གསོའི་ནང་དོན་བཀོད་སྒྲིག་བྱེད་པ་དང་། སློབ་ཁང་སློབ་ཁྲིད་དེ་དམག་དོན་སྦྱོང་བརྡར་དང་ཟུང་དུ་སྦྲེལ་ཏེ། སློབ་མར་གཞི་རྩའི་རྒྱལ་སྲུང་གཞུང་ལུགས་དང་ཤེས་བྱ། ནུས་རྩལ་བཅས་ཁོང་དུ་ཆུད་པ་དང་། གཞི་རྩའི་རྒྱལ་སྲུང་འདུ་ཤེས་ལྡན་པར་བྱེད་དགོས།

མཐོ་རིམ་སློབ་གྲྭ་དཀྱུས་མས་རྒྱལ་སྲུང་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱས་ནས་རྒྱལ་སྲུང་སློབ་གསོའི་སྐོར་གྱི་འབྲེལ་ཡོད་རིག་གཞུང་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྲུང་སློབ་གསོའི་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་ཏེ། སློབ་མར་རྒྱལ་སྲུང་སྐོར་གྱི་རིགས་པའི་གཞུང་ལུགས་དང་ཤེས་བྱ། རྩལ་ནུས་བཅས་དགོས་ངེས་ཤེས་བྱ་ཁོང་དུ་ཆུད་པ་དང་རྒྱལ་སྲུང་གི་འདུ་ཤེས་ཅུང་ལེགས་པོ་ལྡན་པར་བྱེད་དགོས།

དོན་ཚན་བཅུ་དྲུག་པ། སློབ་གྲྭའི་རྒྱལ་སྲུང་སློབ་གསོ་དེ་དམག་ཞབས་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། སློབ་མས་ཁྲིམས་ལྟར་དམག་ཞབས་བྱེད་པའི་འདུ་ཤེས་ཆེ་རུ་གཏོང་བ་དང་། དམག་ཞབས་གཟི་བརྗིད་ཡིན་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས།

དོན་ཚན་བཅུ་བདུན་པ། མཐོ་རིམ་སློབ་གྲྭ་དཀྱུས་མ་དང་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གྲྭས་གཏན་འབེབས་ལྟར་སློབ་མ་སྒྲིག་འཛུགས་བྱས་ནས་དམག་དོན་སྦྱོང་བརྡར་བྱེད་དགོས།

མཐོ་རིམ་སློབ་གྲྭ་དཀྱུས་མ་དང་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གྲྭའི་སློབ་མའི་དམག་དོན་སྦྱོང་བརྡར་ནི་སློབ་གྲྭའི་དམག་དོན་སྦྱོང་བརྡར་བྱེད་འགན་འཁུར་བའི་སྒྲིག་གཞིའམ་དམག་དོན་དགེ་རྒན་གྱིས་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས།

སློབ་གྲྭས་དམག་དོན་སྦྱོང་བརྡར་གྱི་བྱེད་སྒོ་སྒྲིག་འཛུགས་བྱེད་སྐབས་ངེས་པར་དུ་བྱེད་ཐབས་སྤྱད་དེ་བདེ་འཇགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས།

ས་གནས་བཅའ་སྡོད་དམག་དོན་ལས་ཁུངས་ཀྱིས་སློབ་གྲྭས་སློབ་མ་སྒྲིག་འཛུགས་བྱས་ཏེ་དམག་དོན་སྦྱོང་བརྡར་བྱེད་པར་རོགས་རམ་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། ཀྲུང་དབྱང་གི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཙོ་གཉེར་སྡེ་ཁག་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་རྒྱལ་ཡོངས་ཀྱི་སློབ་མར་དམག་དོན་སྦྱོང་བརྡར་བྱེད་པའི་འགན་འཁུར་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་ས་གནས་བཅའ་སྡོད་དམག་དོན་ལས་ཁུངས་ཀྱིས་སློབ་མར་དམག་དོན་སྦྱོང་བརྡར་བྱེད་པའི་ལས་དོན་སྒྲིག་འཛུགས་དང་སློབ་སྟོན། ལྟ་སྐུལ་བཅས་བྱེད་པར་ཤུགས་སྣོན་རྒྱག་དགོས།

དོན་ཚན་བཅུ་དགུ་པ། མཐོ་རིམ་སློབ་གྲྭ་དཀྱུས་མ་དང་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གྲྭས་སློབ་མའི་དམག་དོན་སྦྱོང་བརྡར་གྱི་རྩ་འཛིན་ལྟར། དམག་དོན་གྱི་ནུས་རྩལ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་མའི་སེམས་ཤུགས་དང་གཤིས་རྒྱུད་སྦྱོང་བརྡར་བྱེད་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་རང་བཞིན་ཇེ་དྲག་ཏུ་གཏོང་བ། དམག་དོན་སྦྱོང་བརྡར་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།

སློབ་མའི་དམག་དོན་སྦྱོང་བརྡར་གྱི་རྩ་འཛིན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་སྲིད་འཛིན་སྡེ་ཁག་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མཉམ་དུ་གཏན་འབེབས་བྱེད་དགོས།

ལེའུ་གསུམ་པ། སྤྱི་ཚོགས་ཀྱི་རྒྱལ་སྲུང་སློབ་གསོ།

དོན་ཚན་ཉི་ཤུ་པ། རྒྱལ་ཁབ་ལས་ཁུངས་ཀྱིས་རང་སོ་སོའི་ལས་ཀའི་ངོ་བོ་དང་ཁྱད་ཆོས་ལ་གཞིགས་ཏེ། བྱེད་ཐབས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ལས་བྱེད་མི་སྣ་རྣམས་ལ་རྒྱལ་སྲུང་སྐོར་གྱི་སློབ་གསོ་གཏོང་དགོས།

རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་རྣམས་ལ་རྒྱལ་སྲུང་གི་བྱང་ཚད་མཐོ་ཙམ་ལྡན་དགོས་པ་དང་། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ནང་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། རྒྱལ་སྲུང་འཛུགས་སྐྱོང་བྱ་གཞག་སྒྲུབ་མཁན་གྱི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འགན་འཁྲི་སྒྲུབ་པར་དགོས་ངེས་ཀྱི་རྒྱལ་སྲུང་སྐོར་གྱི་རིགས་པའི་གཞུང་ལུགས་དང་ཤེས་བྱ། རྩལ་ནུས་སོགས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་དགོས།

ས་ཁུལ་ཁག་དང་སྡེ་ཁག་སོ་སོའི་མགོ་ཁྲིད་པས་རང་ས་ཁུལ་དང་རང་སྡེ་ཁག་ཏུ་རྒྱལ་སྲུང་སློབ་གསོ་སྤེལ་བར་ཁྲིམས་ལྟར་སྒྲིག་འཛུགས་དང་མགོ་ཁྲིད་བྱེད་པའི་འགན་འཁྲི་བསྒྲུབ་དགོས།

དོན་ཚན་ཉེར་གཅིག་པ། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་གསོ་སྦྱོང་བྱེད་འགན་འཁུར་བའི་སློབ་གསོའི་སྒྲིག་གཞི་ཁག་གིས་རྒྱལ་སྲུང་སློབ་གསོ་དེ་གསོ་སྦྱོང་གི་འཆར་གཞི་ནང་བཀོད་དེ་རྒྱལ་སྲུང་སློབ་གསོའི་སློབ་ཚན་འོས་འཚམ་གྱིས་བཀོད་སྒྲིག་བྱེད་དགོས།

རྒྱལ་ཁབ་ཀྱིས་དགོས་མཁོར་གཞིགས་ཏེ་ས་གནས་དང་སྡེ་ཁག་གི་འགན་འཁུར་པ་དག་འབྲེལ་ཡོད་དམག་དོན་སློབ་གྲྭ་ཆེན་མོར་གསོ་སྦྱོང་བྱེད་པར་བདམས་སྐྱེལ་བྱས་ཏེ། མགོ་ཁྲིད་ཀྱི་འགན་འཁྲི་སྒྲུབ་པར་དགོས་ངེས་ཀྱི་རྒྱལ་སྲུང་སྐོར་གྱི་རིགས་པའི་གཞུང་ལུགས་དང་ཤེས་བྱ། ནུས་རྩལ་སོགས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་དགོས།

དོན་ཚན་ཉེར་གཉིས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས་ཀྱིས་རྒྱལ་སྲུང་སློབ་གསོ་དེ་ལས་བཟོ་པར་སློབ་གསོ་གཏོང་བའི་འཆར་གཞི་ནང་བཀོད་དེ། ཆབ་སྲིད་ཀྱི་སློབ་གསོ་དང་ལས་སྒོའི་གསོ་སྐྱོང་སྦྱོང་བརྡར། རིག་གནས་ལུས་རྩལ་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ལས་བཟོ་པར་རྒྱལ་སྲུང་སློབ་གསོ་གཏོང་དགོས།

རྒྱལ་སྲུང་གི་ཚན་རིག་ཞིབ་འཇུག་ཐོན་སྐྱེད་དང་། རྒྱལ་སྲུང་གི་སྒྲིག་བཀོད་འཛུགས་སྐྲུན། རྒྱལ་སྲུང་གི་འགྲིམ་འགྲུལ་འགན་སྲུང་སོགས་ཀྱི་ལས་འགན་འཁུར་བའི་ཁེ་ལས་དང་བྱ་ལས་རྩ་འཛུགས་ཀྱིས་ཕྲག་ཏུ་འཁུར་བའི་ལས་འགན་ལ་གཞིགས་ནས། དེ་བསྟུན་གྱི་རྒྱལ་སྲུང་སློབ་གསོའི་འཆར་གཞི་གཏན་ལ་ཕབ་སྟེ། ལས་བཟོ་པར་དམིགས་གཏད་ཡོད་པའི་སྒོ་ནས་རྒྱལ་སྲུང་སློབ་གསོ་གཏོང་དགོས།

སྤྱི་ཚོགས་རྩ་འཛུགས་ཀྱིས་སོ་སོའི་ལས་སྒོའི་ཁྱད་ཆོས་ལ་གཞིགས་ནས་རྒྱལ་སྲུང་གི་སློབ་གསོ་སྤེལ་དགོས།

དོན་ཚན་ཉེར་གསུམ་པ། ཞིང་ཆེན་དམག་ཁུལ(བདེ་སྲུང་དམག་ཁུལ་དང་ཉེན་ཟོན་དམག་ཁུལ)དང་། ཡན་ལག་དམག་ཁུལ(ཉེན་ཟོན་དམག་ཁུལ)དང་རྫོང་དང་རང་སྐྱོང་རྫོང་། ཆུས་བཙུགས་མེད་པའི་གྲོང་ཁྱེར། གྲོང་ཁྱེར་གྱི་ཐད་གཏོགས་ཀྱི་མི་དམངས་དྲག་ཆས་པུའུ་ཡིས་རྒྱལ་ཁབ་དང་དམག་དཔུང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། ཆབ་སྲིད་སློབ་གསོ་དང་རྩ་འཛུགས་དག་ཐེར། དམག་དོན་སྦྱོང་བརྡར། གཞུང་ལས་སྒྲུབ་པ། དམག་མི་བསྡུ་བ་བཅས་ཀྱི་ལས་ཀ་དང་དེ་བཞིན་དུས་ཆེན་དང་དྲན་གསོའི་ཉིན་མོའི་བྱེད་སྒོ་གལ་ཆེན་དང་ཟུང་དུ་སྦྲེལ་ནས་དམངས་དམག་ལ་རྒྱལ་སྲུང་སློབ་གསོ་གཏོང་དགོས།

དམངས་དམག་གི་རྒྱལ་སྲུང་སློབ་གསོ་སྤེལ་བར་རྐང་འཛིན་དམངས་དམག་དང་མགོ་ཁྲིད་ལས་འགན་འཁུར་བའི་དམངས་དམག་གཙོ་གནད་དུ་བཟུང་སྟེ། ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས། སློབ་གསོ་དང་ལེན་བྱེད་པའི་མི་སྣ་དང་སློབ་གསོ་གཏོང་བའི་དུས་ཡུན། སློབ་གསོའི་ནང་དོན་བཅས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས།

གྲ་སྒྲིག་དམག་ཞབས་མི་སྣའི་སྡེ་ཚན་གྱིས་འབྲེལ་ཡོད་གཏན་འབེབས་ལྟར་གྲ་སྒྲིག་དམག་ཞབས་མི་སྣ་ལ་སློབ་གསོ་དང་སྦྱོང་བརྡར་བྱེད་དགོས།

དོན་ཚན་ཉེར་བཞི་པ། སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་མི་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲུང་སློབ་གསོ་གཏོང་བ་དེ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ནང་དོན་དུ་བཅུག་ནས། དམག་མི་བསྡུ་བའི་ལས་ཀ་དང་དམག་བཀུར་ཁྱིམ་སྐྱོང་དང་། དེ་བཞིན་དུས་ཆེན་དང་དྲན་གསོའི་ཉིན་མོའི་བྱེད་སྒོ་གལ་ཆེན་བཅས་དང་ཟུང་དུ་སྦྲེལ་ནས་གྲོང་མི་དང་སྡེ་མིར་རྒྱལ་སྲུང་སློབ་གསོ་གཏོང་དགོས།

སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་མི་ཨུ་ཡོན་ལྷན་ཁང་གིས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་རྒྱལ་སྲུང་སློབ་གསོ་སྤེལ་རོགས་བྱེད་པར་གདན་འདྲེན་ཞུས་ཆོག

དོན་ཚན་ཉེར་ལྔ་པ། རིག་གནས་དང་ཡུལ་སྐོར། གསར་འགྱུར་དཔེ་སྐྲུན། རྒྱང་སྒྲོག་བརྙན་འཕྲིན། གློག་བརྙན། དྲ་འཕྲིན་སོགས་ཀྱི་སྡེ་ཁག་དང་ལས་ཁུངས་ཀྱིས་གནས་བབ་དང་ལས་འགན་གྱི་བླང་བྱར་གཞིགས་ནས། དྲིལ་བསྒྲགས་དང་ཆ་འཕྲིན་སྤེལ་ཐབས་གསར་གཏོད་དང་། གསར་བརྗེའི་ཐོན་ཁུངས་ཀྱི་སློབ་གསོའི་ནུས་པ་འདོན་སྤེལ་དང་ཕུལ་བྱུང་རིག་རྩལ་བརྩམས་ཆོས་འདོན་སྤེལ། སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་དང་ཁྱབ་སྤེལ། ལས་སྟེགས་གསར་པ་དང་ལག་རྩལ་གསར་པ། ཐོན་རྫས་གསར་པ་བཅས་བེད་སྤྱོད་སོགས་ཀྱི་རྣམ་པ་དང་ཐབས་ལམ་ལ་བརྟེན་ནས་རྒྱལ་སྲུང་སློབ་གསོ་སྤེལ་དགོས།

ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། དེ་བཞིན་ཆུས་བཙུགས་ཡོད་པའི་གྲོང་ཁྱེར་བཅས་ཀྱི་རྒྱང་སྒྲོག་ལས་ཁུངས་དང་། བརྙན་འཕྲིན་ཁང་། ཚགས་པར་དང་དུས་དེབ། གསར་འགྱུར་དྲ་ཚིགས་སོགས་ཀྱི་སྨྱན་བྱད་ལས་ཁུངས་ཀྱིས་རྒྱལ་སྲུང་སློབ་གསོ་སྐོར་གྱི་ལེ་ཚན་ནམ་ཚན་བྱང་བཙུགས་ནས་རྒྱལ་སྲུང་གི་ཤེས་བྱ་ཁྱབ་གདལ་དུ་གཏོང་དགོས།

དོན་ཚན་ཉེར་དྲུག་པ། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་དུས་ཆེན་དང་དྲན་གསོའི་ཉིན་མོ། བརྗོད་དོན་བྱེད་སྒོ་གལ་ཆེན་སོགས་ལ་བརྟེན་ནས། མང་ཚོགས་རང་བཞིན་ལྡན་པའི་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས་པ་དང་། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོར་བརྗོད་དོན་གསལ་ཞིང་རྣམ་པ་སྣ་མང་ལྡན་པའི་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་གཅིག་བསྡུས་སུ་སྤེལ་དགོས།

དོན་ཚན་ཉེར་བདུན་པ། དཔའ་བོ་དང་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་དང་གསར་བརྗེའི་གནས་རྙིང་དང་། རྒྱལ་སྲུང་སློབ་གསོའི་ནུས་པ་ལྡན་པའི་དངོས་མང་བཤམས་སྟོན་ཁང་དང་དྲན་གསོ་ཁང་། ཚན་རྩལ་ཁང་། རིག་གནས་ཁང་། གཞོན་ནུ་ལོ་ཆུང་ཕོ་བྲང་སོགས་ཀྱི་གནས་ཡུལ་གཞན་དག་གིས་སྤྱི་དམངས་ཀྱིས་རྒྱལ་སྲུང་སློབ་གསོ་དང་ལེན་བྱེད་པར་སྟབས་བདེ་བསྐྲུན་དགོས་པ་དང་། སྒྲིག་འཛུགས་ཡོད་པའི་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་སྤེལ་བར་རིན་དོད་མི་དགོས་པའམ་ཡང་ན་གཟིགས་སྐྱོང་བྱེད་དགོས།

རྒྱལ་སྲུང་སློབ་གསོའི་རྟེན་གཞིས་དམག་དཔུང་གི་མི་སྣ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། སློབ་མ་བཅས་ལ་རིན་པ་མི་ལེན་པར་སྒོ་འབྱེད་དགོས་པ་དང་། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོར་སྤྱི་ཚོགས་ཡོངས་ལ་རིན་པ་མི་ལེན་པར་སྒོ་འབྱེད་དགོས།(མུ་འགོད།)

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章