༄༅།།བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ།
ལོ་གསར།
བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་གནམ་ལོ་གསར་ཚེས་ལ་འཕྲིན་གྲོགས་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
ཨེ་མ་ཧོ།
ཚེ་ཡི་རྒྱལ་པོ་ཚེ་རིང་ནད་མེད་ཤོག །
འདོད་པའི་རྒྱལ་པོ་ཕུན་སུམ་འཚོགས་པར་ཤོག །
བསོད་ནམས་རྒྱལ་པོ་འཕེལ་ཞིང་བརྟན་པར་ཤོག །
སྨོན་ལམ་རྒྱལ་པོ་གང་བཟླས་འགྲུབ་པར་ཤོག །
འབྲས་བུའི་རྒྱལ་པོ་མངོན་སངས་རྒྱས་པར་ཤོག །
བསྭོ། བསྭོ། བླ་མ་ཡི་དམ་མཁའ་འགྲོ་བོན་སྐྱོང་དང་། །གཏེར་བདག་འཛམ་ལྷ་གཡང་བདག་ལྷ་ཀླུ་དང་། །ཁྱད་པར་རྨ་རྒྱལ་པོམ་ར་གཙོ་འཁོར་བཅས། །སྤྱན་འདྲེན་འདིར་གཤེགས་ཕྱག་འཚལ་མཆོད་པ་འབུལ། །ཐུགས་རྗེས་བཞེས་ནས་བདག་དང་ཡོན་བདག་ལ། །ཕྱྭ་གཡང་ལོངས་སྤྱོད་དངོས་གྲུབ་ཆར་བཞིན་ཕོབས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་ཕྱོགས་བཅུར་རྒྱས་པའི་གཡང་ཆེན་ཕོབས། །མི་གཡང་རྟ་གཡང་ནོར་གཡང་ར་ལུག་གཡང་། །འོ་གཡང་མར་གཡང་ལོ་ཏོག་གཡང་ཆེན་ཕོབས། །གསེར་དངུལ་རིན་ཆེན་ཟ་འོག་གོས་ཕྲུག་དང་། །ཇ་ཆང་བདའ་མངར་ཟས་ཀྱི་གཡང་ཆེན་ཕོབས། །ཚེ་གཡང་སྙན་གཡང་དཔལ་གཡང་འབྱོར་གཡང་དང་། །བཙན་གཡང་ཕྱུགས་གཡང་འཕན་པའི་གཡང་ཆེན་ཕོབས། །ནད་མུག་མཚོན་འཁྲུག་བསྐལ་བ་རྒྱུན་ཆད་ནས། །རྫོགས་ལྡན་དཔལ་ལ་སྤྱོད་པའི་གཡང་ཆེན་ཕོབས། །མདོར་ན་བོན་དང་མཐུན་པའི་བསམ་པ་རྣམས། །ཡིད་བཞིན་ནོར་ལྟར་འགྲུབ་པའི་གཡང་ཆེན་ཕོབས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་ཐོབ་པའི་གཡང་ཆེན་ཕོབས། །མི་ལ་ཚེ་རིང་བོན་དང་རྒྱུ་འབྱོར་ལྡན། །ཕྱུགས་ལ་གཡང་ཆགས་ར་བར་ཟད་མེད་འཕེལ། །ཕྱ་གཡང་མི་ཉམས་དབྱར་གྱི་མཚོ་ལྟར་རྒྱས། །དུས་ཀུན་རྟག་ཏུ་བརྟན་པའི་བཀྲ་ཤིས་སྩོལ། །བསྭོ་བསྭོ་ཀི་བསྭོ་ཆེའོ་ལྷ་རྒྱལ་ལོ།