ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-10-17 08:40   青海  
གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས། དམིགས་ཚད་དམ་པོར་བཟུང་ནས་ལྷོད་གཡེང་མི་གཏོང་བ་དང་འཆར་གཞི་གཅིག་མཐར་ཕྱིན་པ་བཀོད་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་དགོས་ཞེས་ནན་བཤད་གནང་། 

ཟླ10པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་ཡིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས་པ་རེད། 

ཟླ10པའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི2024ལོ་འཁོར་གྱི་བྱ་དགའ་སྤྲོད་པའི་དགོང་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས། 

དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་ཚོགས་འདུ་འཚོགས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད། 

ཉིན་ཤས་གོང་། ནོར་སྲིད་པུ་སོགས་སྡེ་ཚན་གསུམ་གྱིས་མཉམ་དུ་བྱེད་ཐབས་པར་འགྲེམས་བྱས་ཏེ། ད་ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་རྒྱལ་ཡོངས་སུ་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་དེ་དཔྱ་ཁྲལ་ལ་སྒྱུར་བའི་ཚོད་ལྟ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 

སྐྱེ་ཁམས་ཁོར་ཡུག་པུས་ཟླ10པའི་ཟླ་སྨད་ཀྱི་རྒྱལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་སྔོན་བརྡ་བཏང་བའི་ནང་པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་དང་དེ་བཞིན་མཐའ་འཁོར་ས་ཁོངས་ཀྱི་བྱང་རྒྱུད་དང་། འབྲི་ཆུའི་ཟུར་གསུམ་ཁུལ། བྱང་ཤར། ཧྭ་ནན། ལྷོ་ནུབ་བཅས་ས་ཁོངས་ཀྱི་མཁའ་རླུང་གི་སྤུས་ཚད་དེ་བཟང་པོ་གཙོ་བོ་ཡིན་པ་རེད། 

ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མ་མཐའི་གླ་ཕོགས་ཀྱི་ཚད་གཞིའི་གནས་ཚུལ་ཡོངས་བསྒྲགས་བྱས། 

ཚོང་དོན་པུའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཚེས15ཉིན་བར། རྒྱལ་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེའི་རེ་ཞུ་བྱེད་མཁན་དང་གསར་དུ་ཉོ་བའི་མི་གྲངས་སོ་སོ་ཁྲི2000དང་ཁྲི1000ལས་བརྒལ་ཡོད་པ་རེད། 

ཚེས16ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་བཞི་པ་ག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་སྲུང་སྐར་ཨང12པའི་སྐར་མ05མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད། 

ཚེས16ཉིན་ནས་བཟུང་། རྒྱལ་ཁོངས་ཕྱི་རྒྱལ་ཡིན་པའི་ཤང་ཀང་གི་ཡུལ་མི་དང་རྒྱལ་ཁོངས་ཕྱི་རྒྱལ་ཡིན་པའི་ཨའོ་མོན་གྱི་ཡུལ་མི་ནང་ལོག་ཏུ་ཡོང་ནས་ལོ5ཡི་རིང་ཐོངས་མཆན་ཐེངས་མང་འདུན་ཞུ་བྱས་ཆོག 

སྤྱི་ཚོགས།

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས18ནས19ཉིན་བར། གྲང་རླུང་གི་ཤུགས་རྐྱེན་ཐེབས་ནས་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། བྱང་ཤར་ས་ཁུལ། ཧྭ་པེའི་དབུས་ཤར་རྒྱུད། ཧོང་ཧའེ་ཤར་རྒྱུད། ཅང་ཧའེ། ཅང་ཧན་ཤར་རྒྱུད། ཅང་ནན་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲོད་ཚད8~10℃མར་ཆག་རྒྱུ་རེད། 

དེ་རིང་གི་ཆུ་ཚོད19དང་སྐར་མ26གི་ཐོག་ཟླ་བ་ཉ་གང་རྒྱུ་ཡིན་པ་དང་། ལོ་འཁོར་གྱི་ཆེས་ཆེ་བའི་ཟླ་བར་འགྱུར་རྒྱུ་རེད། 

ཉེ་དུས། པེ་ཅིང་དང་ཧྲང་ཧའེ། ཧུའུ་ནན། ཨན་ཧུའེ། ཧྥུའུ་ཅན། ཀོང་ཤིས་སོགས་ས་ཆ་མང་པོར2025ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་མགོ་རྩོམ་རྒྱུ་རེད།  དེའི་ནང་། ས་གནས་མང་པོ་ཞིག་གིས2025ལོ་ནས་བཟུང་མཐོ་རྒྱུགས་ཀྱི་མིང་ཐོ་གསབ་འགོད་བྱེད་པ་མེད་པར་བཟོ་རྒྱུ་ཁ་གསལ་བཏོན་ཡོད་པ་རེད། 

ཚེས16ཉིན། ཧོ་པེ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་ཝང་ཞུའེ་ཧྥུང་གིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཝང་ཞུའེ་ཧྥུང་ལ་དུས་བཀག་བཙོན་འཇུག་ལོ་བཅོ་བརྒྱད་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། 

ཉིན་ཤས་གོང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་ཀུའེ་ཀྲོའུ་ཞིང་ཆེན་སྒྲིག་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཀྲང་ཕིང་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། 

ཅང་ཤིས་ཤིན་ཡུས(新余)ཀྱི“1·24”ཡི་མེ་སྐྱོན་དོན་རྐྱེན་ཚབས་ཆེན་གྱི་འབྲེལ་ཡོད་འགན་འཁུར་བར་ཞིབ་བཤེར་ཐག་གཅོད་བྱས་པ་དང་། གྱོད་འབྲེལ་མི་སྣ10གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས། གཞུང་དོན་སྒྲུབ་མཁན་མི55ཡི་འགན་འཁྲི་རྩད་གཅོད་ནན་མོ་བྱས་པ་རེད། 

ཧྥང་ཁྲེང་གྲུ་ཁའི་མཚོ་དོན་ཅུས་མཚོ་འགྲུལ་ཉེན་བརྡ་བཏང་སྟེ། ཚེས16ཉིན་གྱི་ཆུ་ཚོད6པ་ནས་ཚེས18ཉིན་གྱི་ཆུ་ཚོད18པའི་བར། པེ་པུ་དབན་མཚོ་ཁུག་གི་ཆུ་ཁོངས་ཁག་གཅིག་ལ་དངོས་སུ་མེ་མདའ་རྒྱག་པ་དང་དེར་མཚོ་འགྲུལ་བྱེད་མི་ཆོག་པའི་ཉེན་བརྡ་བཏང་བ་རེད། 

ཉེ་ཆར། རང་རྒྱལ་གྱིས་བཟོས་པའི་མི་བཞུགས་མེ་ཤུགས་འཕུར་གྲུའི“ཞང་ཡོན”AS700ལ་མངགས་ཐོ12ཐོབ་ནས་ཚོང་ལས་གཉེར་སྐྱོང་བྱ་རྒྱུ་མགོ་བརྩམས་པ་རེད། 

ཚེས16ཉིན། ཀྲེན་ཆིན་ཝུནWTAལོ་མཇུག་གི་མཐའ་བསྡུར་ནང་ཚུད་པའི་གཏན་འཁེལ་བྱས་པ་དང་། ལི་ནའི་རྗེས་ཀྱིWTAལོ་མཇུག་གི་མཐའ་བསྡུར་ནང་ཚུད་པའི་ཀྲུང་གོའི་བདམས་ཐོན་པ་གཉིས་པར་གྱུར་པ་རེད། 

ཅང་སུའུ་ལན་ཡུན་ཀང་གི་རླངས་འཁོར་ཞིག་ལ་དོན་རྐྱེན་བྱུང་ནས་ཁ་ལོ་བ་རླངས་འཁོར་ནང་དུ་ལུས། མཐའ་འཁོར་གྱི་མང་ཚོགས་ཚོས་རོགས་རམ་བྱས་ནས་རླངས་འཁོར་གྱི་ཤེལ་སྒོ་བཅག་རྗེས་ཁ་ལོ་བ་བསྐྱབས་ཐུབ་པ་བྱུང་ཡོད། 

སྲིད་ཇུས།

ཐེན་ཅིན་གྱིས་སྲིད་ཇུས་བཏོན་ནས་གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་དང་ལག་བརྒྱུད་སྡོད་ཁང་ཉོ་སྒྲུབ་དང་བཤུག་སྤྲོད་སོགས་ཐད་ཀྱི་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་མེད་པར་བཟོས་པ་དང་། གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་གི་ཕྱིར་ཚོང་རིན་གོང་གི་ཚད་བཀག་མཛུབ་སྟོན་མི་བྱེད། 

ཅང་ཤིས་ཀྱིས་བྱེད་ཐབས་བཏོན་ནས་གསར་དུ་གཏན་འཁེལ་བྱས་པའི་སྨན་རྫས་ཁྱབ་ཁོངས་ཀྱི་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་ལ་སྤྲོད་ཐེངས་གཅིག་ལ་འགྲོ་གྲོན་ཁ་གསབ་སྒོར་ཁྲི1000སྤྲོད་རྒྱུ་རེད། 

ཀོང་ཤིས་ཀྱིས་ཡོངས་བསྒྲགས་བྱས་དོན། མི་སྒེར་གྱི་འཛད་སྤྱོད་པས་སྡོད་ཁང་གི་ཁང་པ་མཛེས་བཟོ་སྒྱུར་བཀོད་ལ་མཁོ་བའི་དངོས་རྫས་དང་རྒྱུ་ཆ་ཉོ་སྐབས་འབྲེལ་ཡོད་ཆ་རྐྱེན་དང་འཚམ་པར་མཛེས་བཟོ་ཁ་གསབ་རེ་ཞུ་བྱེད་ཆོག་པ་དང་མཐོ་ཤོས་སྒོར་ཁྲི3ལས་བརྒལ་མི་ཆོག 

དེ་རིང་གི་གནམ་གཤིས། 

ཞིན་ཅང་གི་ཐེན་ཧྲན་རི་བོའི་ས་ཁུལ་དང་། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་སོགས་ས་ཁུལ་དུ་ཁ་བ་ཆུང་ཙམ་ནས་འབྲིང་ཙམ་མམ་ཁ་ཆར་འདྲེས་མ་འབབ་པ་དང་། དེའི་ནང་། ཞིན་ཅང་གི་ཐེན་ཧྲན་རི་བོའི་ས་ཁུལ་དུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ནང་སོག་གི་ཧོ་ཐའོ་ས་ཁུལ་དང་། ཧྲའན་ཤིས་ཀྱི་བྱང་རྒྱུད། ཧྭ་བྱང་གི་བྱང་རྒྱུད་དང་ནུབ་རྒྱུད། ཧོང་ཧོའེ་ནུབ་རྒྱུད། ཅང་ཧན་ས་ཁུལ་ཕལ་ཆེ་བ། ཧུའུ་ནན་གྱི་ནུབ་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་ནས་ཆེན་པོ་འབབ་རྒྱུ་ཡིན་པ་དང་། དེའི་ནང་། ཧུའུ་པེའི་བྱང་རྒྱུད་དང་། ཧུའུ་ནན་གྱི་ནུབ་རྒྱུད། ཁྲུང་ཆིང་གི་ཤར་རྒྱུད། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章