མཚོ་སྔོན་དུ་ཐ་མག་རྫུན་མ་ཉོ་ཚོང་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་པ།

政务   2024-10-17 11:50   青海  

མཚོ་སྔོན་དུ་ཐ་མག་རྫུན་མ་ཉོ་ཚོང་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་པ།

     ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཀྱིས་ཁྲིམས་འགལ་ངང་ཐ་མག་ཚོང་གཉེར་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་དེ་ཉེས་གསོག་དོགས་ཡོད་མི་སྣ12འཛིན་བཟུང་བྱས་པ་དང་། ཡུལ་དངོས་སུ་ཐ་མག་ལྐོག་འདྲེན་དང་རྫུན་མ་རྡར་ཚན3000ལྷག་ཙམ་ཞིབ་བཤེར་བཀག་ཉར་བྱས་པ་དང་། གྱོད་འབྲེལ་དངུལ་སྒོར་ཁྲི600ལྷག་ཙམ་ཟིན་ཡོད་པ་རེད།

     2024ལོའི་ལོ་སྟོད་དུ་མཚོ་ལྷོ་ཁུལ་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་ཡན་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ལས་དོན་སྤེལ་རིང་། གུང་ཧོ་རྫོང་མཁར་བྱང་ཁུལ་དུ་ཡོད་པའི་ཕྱོགས་བསྡུས་སྒོ་རྩིས་ཚོང་ཁང་ཞིག་ཏུ་ཐ་མག་རྫུན་མ་བཙོངས་པའི་དོགས་གཞི་ཡོད་པ་ཤེས་རྟོགས་བྱུང་ཡོད། ཁུངས་སྣེ་དེ་ཤེས་རྟོགས་བྱུང་རྗེས་མཚོ་ལྷོ་ཁུལ་སྤྱི་བདེ་ཅུས་ཀྱིས་དེ་མ་ཉིད་དུ་ཁུལ་དེའི་ཐ་མག་ཆེད་ཚོང་ཅུས་དང་གུང་ཧོ་རྫོང་སྤྱི་བདེ་ཅུས་བར་མཉམ་འབྲེལ་གྱིས་ཆེད་དོན་ཚོགས་ཆུང་བཙུགས་ཏེ་བརྟག་དཔྱད་དཔང་ལེན་བྱེད་མགོ་ཚུགས་པ་རེད།

     ཆེད་དོན་ཚོགས་ཆུང་གིས་དངོས་ཟོག་གི་ཡོང་ཁུངས་དང་སྐྱེལ་འདྲེན། དངོས་ཟོག་སྐུར་ཡུལ། དངུལ་སྤྲོད་སྟངས་སོགས་ལ་དམིགས་ནས་ཕྱོགས་བསྡུས་དབྱེ་ཞིབ་བྱས་མཐར་ཧོང་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ་གཉིས་ཀྱིས་གཙོ་བོར་བྱས་པའི་མི་དྲུག་གིས་མཚོ་སྔོན་དུ་སྤུས་ཞན་ཐ་མག་འཚོང་བའི་ཚོགས་པ་ཞིག་གཏན་འཁེལ་བ་དང་། ཚོགས་པ་དེ་སྒྲིག་འཛུགས་ཞིབ་ཚགས་ཤིང་ལས་བགོས་ཁ་གསལ་བ། མི་སྣ་གཏན་འཁེལ་བཅས་ཡོད།

     དུས་ཡུན་རིང་པོའི་ནང་མྱུལ་ཞིབ་ཞིབ་ཚགས་དང་གྲལ་བཤེར་བྱས་པ་བརྒྱུད། ཆེད་དོན་ཚོགས་ཆུང་གིས་དངོས་ཟོག་སྐུར་སའི་ས་གནས་གཙོར་བཟུང་ནས་དངོས་ཟོག་སྐྱེལ་འདྲེན་གྱི་ལྷུ་ཚིགས་ལ་མྱུལ་ཞིབ་ཡང་ཡང་བྱས་མཐར། དངོས་ཟོག་སྐུར་ཡུལ་ནི་ཀོང་ཏུང་ཞིང་ཆེན་ཧྥོ་ཧྲན་གྲོང་ཁྱེར་ཡིན་པ་དང་དངོས་ཟོག་སྐུར་མཁན་ནི་ཧོང་ཆེ་གེ་མོ་དང་ཀྲོའུ་ཆེ་གེ་མོ་ཡིན་པ་གཏན་འཁེལ་བ་རེད། ཆེད་དོན་ཚོགས་ཆུང་གིས་འཕྲལ་མར་ཀོང་ཏུང་ཧྥོ་ཧྲན་ཉེན་རྟོག་ཕྱོགས་དང་འབྲེལ་བ་བྱས་ཁར་འབྲེལ་མི་སྣ་ཧྥོ་ཧྲན་དུ་ལས་དོན་སྤེལ་བར་མངགས་གཏོང་བྱས་པ་རེད། མཐར་ཀོང་ཏུང་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་འོག་ཉེས་གསོག་དོགས་ཡོད་མི་སྣ6འཛིན་བཟུང་བྱས་པ་དང་ཚང་མ་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲད་ཡོད།

     མིག་སྔའི་བར་གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་གྱོད་གཞི4ཤེས་རྟོགས་བྱུང་བ་དང་། ཉེས་གསོག་དོགས་ཡོད་མི་སྣ12འཛིན་བཟུང་བྱས་པ་དང་མཛོད་ཁང3དང་ཐ་མག་རྫུན་མ་རྡར་ཚན3178རྩད་ཆོད་པ། རིན་གོང་སྒོར་ཁྲི80ལྷག་ཙམ་ཟིན་པ། དེ་དག་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཚོང་ཁང46དང་ཞིང་ཆེན་གཞན་གྱི་ཚོང་ཁང9ལ་ཁག་བགོས་ཕྱིར་ཚོང་བྱས་པ་རྩད་ཆོད་ཡོད་ཅིང་། ཉོ་ཚོང་དངུལ་འབོར་སྒོར་ཁྲི191ལྷག་ཙམ་ཟིན་པ་དང་ཚོང་ཟོག་བཙོངས་པའི་ཡོང་འབབ་སྒོར་ཁྲི600ལྷག་ལས་བརྒལ་ཡོད།

     མིག་སྔར་གྱོད་གཞི་དེར་སྔར་བས་བརྟག་དཔྱད་བྱེད་བཞིན་པ་དང་སྒྲུབ་མུས་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/彭毛才旦

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章