ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-10-15 08:32   青海  
གསར་འགྱུར་གལ་ཆེན།

ཟླ10པའི་ཚེས14ཉིན། བློ་མཐུན་ཝུའུ་པང་གོ་ཡི་སྐུ་གདུང་པེ་ཅིན་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོ་རུ་སྐུ་བསྲེགས། ཞི་ཅིན་ཕིང་དང་། ཀྲོ་ལི་ཅི། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་པ་པའོ་རི་བོར་ཕེབས་སྐྱེལ་ཞུས་པ་དང་། ཧུའུ་ཅིན་ཐའོ་ཡིས་འདས་མཆོད་མེ་ཏོག་ཕྲེང་བ་བསྐྱལ་ནས་མྱ་ངན་ཞུས། 

ཟླ10པའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་།

ད་ལོའི་དུས་ཚིགས1པོ་ནས3པའི་བར། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི32.33སླེབས་ནས་ལོ་རྒྱུས་ཀྱི་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི32ལས་ཐོག་མར་བརྒལ་བ་དང་། དུས་མཚུངས་ལས5.3%འཕར་ཡོད་པ་རེད། 

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཁྱབ་བསྒྲགས་བྱས་པའི་གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གྲངས་གཞི་ལས་མངོན་པ་ལྟར་ན། དུས་ཚིགས1པོ་ནས3པའི་བར། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་བརྟན་ཐོག་ཡར་འཕེལ་བྱུང་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་མགྱོགས་པོ་འཕེལ་རྒྱས་ཕྱིན་ཡོད། 

བཟོ་ལས་དང་ཆ་འཕྲིན་ཅན་པུས་བསྟན་དོན། མིག་སྔར། རང་རྒྱལ་དུ་ཆེད་ལས་དང་སྤུས་ལེགས། ཁྱད་ལྡན། གསར་པ་བཅས་ཀྱི་ཁེ་ལས་འབྲིང་ཆུང་ཁྲི14.1དང་། ཆེད་ལས་དང་སྤུས་ལེགས། ཁྱད་ལྡན། གསར་པའི“གྱད་མི་ཆུང་གྲས”ཁྲི1.46ཡོད་པ་རེད། 

ཀྲུང་དབྱང་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ9པའི་ཟླ་མཇུག་ཏུ། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི402.19ཡིན་ལ། དེ་དུས་མཚུངས་ལས8%འཕར་ཡོད་པ་རེད། 

ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིས2025ལོའི་ལོ་འཁོར་དུ་གཞུང་ཞབས་པ་ཡིག་རྒྱུགས་བླངས་ནས་བསྡུ་བའི་མིང་ཐོ་འགོད་རྒྱུ་དེ་རིང་ནས་མགོ་བརྩམས་ཡོད། ཁྱོན་སྡོམ་མི་ཁྲི3.97བསྡུ་འཆར་ཡོད་པ་རེད། 

ཀྲུང་གོ་ཚན་རིག་ལག་རྩལ་ཆ་འཕྲིན་ཞིབ་འཇུག་སུའོ་ཡིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་རིག་ཚན་ཁག་གི་ཤུགས་རྐྱེན་ལྡན་ཤོས་ཀྱི་དུས་དེབ་དཔྱད་རྩོམ་གྱི་གྲངས་འབོར་དང་ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་དུས་དེབ་དཔྱད་རྩོམ་གྱི་གྲངས་འབོར། དེ་བཞིན་ལུང་འདྲེན་ཐེངས་གྲངས་བཅས་མུ་མཐུད་དུ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད། 

ཚེས14ཉིན། སུའེ་ཏེན་གོང་མ་ཚང་ཚན་རིག་ཁང་གིས2024ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་དེ་ཏ་ལུང·ཨ་ཅེ་མུའུ་ཨའོ་ལུའུ་དང་། ཤིས་མོང·གཡོད་ཧན་ཤུན། ཀྲན་མུའུ་སི·ལུའུ་པིན་ཤུན་བཅས་ལ་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 

སྤྱི་ཚོགས།

2025ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་དྲ་ཐོག་ནས་མིང་ཐོ་འགོད་པ་དེ་རིང་ནས་མགོ་རྩོམ་རྒྱུ་རེད། 

ཚེས14ཉིན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་བརྡ་ཁྱབ་བཏང་ནས་ཞིབ་བཤེར་བྱས་པ་བརྒྱུད་བྱུག་རྫས་ཁག20གཏན་འབེབས་དང་མི་མཐུན་པ་དང་། སྤྱོད་མི་ཆོག་པའི་མ་བཅོས་རྒྱུ་ཆ་ཞིབ་བཤེར་ཐུབ་པ་རེད། 

མཚོ་སྔོན་ཞིང་ཨུའི་རྒྱུན་ཨུའམ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧྥ་སེན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་ཤིང་། མིག་སྔར། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 

ཚེས14ཉིན། ལེའོ་ཉིང་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིང་གི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་དང་ཐིང་ཀྲང་ཝང་ཏ་ཝུའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཝང་ཏ་ཝུའེ་ལ་སྲོག་ཆད་བཅད་པ་དང་ལོ་གཉིས་ཕྱིར་འགྱངས་ཀྱིས་ལག་བསྟར་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། 

ཚེས14ཉིན། རང་རྒྱལ་གྱི་ཏུན་ཁྲི་བཅུ་རིམ་པའི་རླུང་ནུས་དང་འོད་ནུས། སྐྱེ་དངོས་རྒྱུ་ཆ་བཅས་སྤྱད་དེ་ལྗང་མདོག་མཁའ་སྤྱོད་རླངས་སྣུམ་ཐོན་སྐྱེད་ཀྱི་དཔེ་སྟོན་རྣམ་གྲངས་དེ་ཧེ་ལུང་ཅང་ཧྲོང་ཡ་ཧྲན(黑龙江双鸭山)གྲོང་ཁྱེར་དུ་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་རེད། 

ཉེ་ཆར། ཧོ་ནན་ཡུང་ཁྲེང་ཝང་ཀྲོང་གནའ་ཤུལ(永城王庄遗址)ནས་ད་བར་ལོ5000ཙམ་སོང་བའི་བང་སོ་ཆེན་པོ་ཞིག་རྙེད་པ་དང་། བང་སོ་དེའི་ས་འོག་ནས་ཐོན་པའི་ཤུལ་དངོས350ལྷག་ཙམ་ཡོད། དེ་དག་གནའ་བོའི་རྒྱལ་ཁབ་ཀྱི་རྒྱལ་པོའི་བང་སོ་ཡིན་པ་རེད། 

ཉིན་ཤས་གོང་། ཚན་ཞིབ་མི་སྣས་སི་ཁྲོན་ཞིང་ཆེན་ཝོ་ལུང(卧龙)རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནས་པ་ལང་ཧྲན་ཕན་ཅི་ལན་ཞེས་པའི་སྣ་མའི་ཁོའོ་རྩི་ཤིང་གི་རིགས་གསར་པ་ཞིག་རྙེད། 

“ཁྲུང་ཆིང་ཡིའུ་དབྱང་རྫོང(酉阳县)གི་འབྲུ་རིགས་ཁེ་ལས་ཤིག་གིས་དུས་ལས་ཡོལ་བའི་འབྲས་སློབ་གྲྭར་ཕྱིར་ཚོང་བྱེད་པའི”དོན་དེར་དམིགས་ནས། ཁྲུང་ཆིང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིམས་ལྟར་གྱོད་འབྲེལ་འབྲུ་རིགས་ཁེ་ལས་ལ་དངུལ་ཆད་སྒོར་ཁྲི690གཏོང་རྒྱུའི་བརྡ་ཁྱབ་བཏང་བ་རེད། 

ཅང་སུའུ་ཀྲེན་ཅང་གི་སྒེར་གྱི་རླངས་འཁོར་ཞིག་གློ་བུར་དུ་མེ་འབར་བ་དང་། ལམ་བར་དུ་ཡོད་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ7སྔ་རྗེས་སུ་མེ་གསོད་བྱ་བར་ཞུགས། རྗེས་ནས་མེ་གསོད་རླངས་འཁོར་ཐོན་ནས་མེ་བསད་པ་རེད། 

སྲིད་ཇུས།

ཚེས14ཉིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་བྱེད་ཐབས་ཡོངས་བསྒྲགས་བྱས་ནས་ཆ་རྐྱེན་དང་མཐུན་པའི་རྒན་གསོའི་སྒྲིག་གཞི་དང་སྨན་བཅོས་སྒྲིག་གཞི། དེ་བཞིན་ཞབས་ཞུའི་སྒྲིག་གཞི་གཞན་དག་བཅས་ཀྱིས་གནས་གཏན་འཁེལ་གྱི་ཡུན་རིང་སྲུང་སྐྱོང་གི་ཞབས་ཞུའི་སྒྲིག་གཞིར་འགྱུར་རྒྱུའི་རེ་ཞུ་བྱེད་ཆོག་པ་ཁ་གསལ་བཏོན་ཡོད་པ་རེད།  

ཧྲང་ཧའེ་ཡིས་བརྡ་ཐོ་པར་འགྲེམས་བྱས་ནས་མི་སྒེར་གྱིས་སོ་སོའི་མིང་ཐོག་ནས་གྲོང་ཁྱེར་དེ་གར་ཐོ་འགོད་བྱས་པའི་གློག་སྒུལ་ལྕགས་རྟ(གློག་རྫས་ཚུད་པ)སྤྲད་པ་དང་བེད་མེད་ཟུར་འཇོག་བྱས་པ། རྒྱལ་ཁབ་ཀྱི་བཙན་ཤེད་རང་བཞིན་གྱི་ཐོན་རྫས་ཁས་ལེན་དཔང་འདོན་ལག་ཁྱེར་ཐོབ་པའི་གློག་སྒུལ་རྐང་འཁོར་གསར་པར་ཐེངས་གཅིག་ལ་རླངས་འཁོར་ཉོ་བའི་ཁ་གསབ་སྒོར500སྤྲོད་རྒྱུ་ཡིན་པ་རེད། 

ཅང་སུའུ་ཡིས་ཡིག་ཆ་བཀྲམས་ནས་ཞིང་ཆེན་ནང་ཁུལ་གྱི་ལོ60ཡན་གྱི་རྒྱུན་སྡོད་རྒན་རྒོན་ལ་ཕྱོགས་ནས་རྙིང་ཚབ་གསར་བརྗེ་ཡི་རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད(适老化改造)ཀྱི་བྱེད་སྒོ་སྤེལ་བ་དང་། དུད་ཚང་རེར་ཁ་གསབ་མཐོ་ཤོས་སྒོར3000ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད། 

དེ་རིང་གི་གནམ་གཤིས། 

ཅང་སུའུ་ཡི་ལྷོ་རྒྱུད་དང་ཧུའུ་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཤིས། ཡུན་ནན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་། ཡུན་ནན་གྱི་ཤར་ལྷོའི་རྒྱུད་དང་ཀོང་ཤིས་ཀྱི་ནུབ་རྒྱུད། བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章