ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-10-18 08:35   青海  
གསར་འགྱུར་གལ་ཆེན།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་སྡུར་ནང་ཞུགས་མཁན་གྱི་སློབ་མའི་འཐུས་མིར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བ་དང་འབྲེལ་རེ་བ་ནན་མོ་བཏོན། 

ཞིང་ལས་གནས་ཚུལ་གྱི་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། ཚེས16ཉིན་བར། རྒྱལ་ཡོངས་ཀྱི་སྟོན་འབྲུ69.5%བསྡུས་ཟིན་པ་དང་། དུས་མཚུངས་ལས་བརྒྱ་ཆའི་གྲངས2ཀྱིས་མགྱོགས་པ་ཡོད་པ་རེད། 

སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་མཇུག་ཏུ། ན་གཞོན་དང་གྲོང་མི་གསར་པ་མི་ཁྲི450འགན་ལེན་རང་བཞིན་གྱི་སྡོད་ཁང་ནང་སྡོད་ཐུབ་པ་བྱ་རྩིས་ཡོད་པ་རེད། 

ཀྲུང་དབྱང་དངུལ་ཁང་གིས་སྔོན་དཔག་བྱས་ན་བསགས་འབོར་མང་ཆེ་བའི་ཁང་པའི་དངུལ་བུན་གྱི་སྐྱེད་ཚད་ཟླ10པའི་ཚེས25ཉིན་དམའ་རུ་འགྲོ་རྒྱུ་དང་། དངུལ་ཁང་འབྲིང་ཆུང་ཁག་གཅིག་གི་ལེགས་སྒྲིག་དུས་ཚོད་ཅུང་འགོར་རྒྱུ་ཡིན་པ་དང་། སྤྱི་ཡོངས་ནས་ཚེས31ཉིན་གྱི་གོང་དུ་ཚང་མ་ལེགས་འགྲུབ་ཐུབ་རྒྱུ་རེད་ཅེས་བཤད་པ་རེད། 

ཚེས17ཉིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས《“ཕྱིར་སྐྱོད་པའི”ཁྲལ་བསྡུའི་མཛུབ་ཁྲིད》པར་མ་གསར་པ་ཁྱབ་བསྒྲགས་བྱས་པ་དང་། ཁྲལ་འཇལ་བས་ཕྱི་རྒྱལ་གྱི་ཁྲལ་འབྲེལ་སྲིད་ཇུས་དང་དོ་དམ། ཞབས་ཞུ་བཅས་ཀྱི་ནང་དོན་གསར་ཤོས་འདྲི་རྩད་སྟབས་བདེ་ཡོང་བ་བྱས་ནས་ཕྱི་རྒྱལ་གྱི་ཁྲལ་བསྡུའི་ཉེན་ཁ་ནུས་ལྡན་ངང་གཡོལ་ཐུབ་པ་བྱས་ཡོད།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཕྱི་ཕྱོགས་སུ་བཀོད་སྒྲིག་བྱས་པའི་སྨན་ཐོའི(外配处方)བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། སྨན་ཐོའི་རྫུས་མ་བཟོས་ནས་ཁ་བསླུས་རྒྱག་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས་པའི་བརྡ་ཐོ་བཏང་བ་རེད། 

བཟོ་ལས་དང་ཆ་འཕྲིན་ཅན་པུས་གནས་ཚུལ་སྤེལ་བར་གཞིགས་ན། གཞི་རྩའི་ཐོག་རང་རྒྱལ་གྱི་རིག་ནུས་དྲ་སྦྲེལ་རླངས་འཁོར་གྱི་ཐོན་ལས་མ་ལག་ཆགས་ཡོད་པ་རེད། 

ཚོང་དོན་པུའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། ཚེས16ཉིན་བར། འཛད་སྤྱོད་པ་མི་ཁྲི1082.6གིས་རྙིང་ཚབ་གསར་བརྗེས་རིགས་ཆེ་གྲས8ཀྱི་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་ཁྲི1564ཉོས་ནས། བྲིན་ཚོང་སྒོར་དུང་ཕྱུར733.6སྐུལ་ཁྲིད་བྱས་ཡོད་པ་རེད། 

ཚེས17ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་མའེ་ཧྲན་དམག་གྲུ་དང་ཤིའུ་ཧྲན་དམག་གྲུ་ལས་གྲུབ་པའི་དམག་གྲུའི་རུ་དཔུང་གིས“ཞི་བདེ་རྒྱ་མཚོ་ཆེ་མོའི་སྐོར་སྐྱོད-2024”ཀྲུང་གོ་དང་ཨུ་རུ་སུའི་མཚོ་ཐོག་ཉེན་རྟོག་པའི་མཉམ་འབྲེལ་ནང་སྦྱོང་དང་སྐོར་ཞིབ་ལེགས་འགྲུབ་བྱུང་ནས་གྲུ་ཁར་བདེ་བླག་ངང་ཕྱིར་ལོག་བྱས་པ་རེད། 

སྤྱི་ཚོགས།

ཅུང་ཆེ་བའི་གྲང་རླུང་གསར་པའི་ཤུགས་རྐྱེན་ཕོག་པའི་དབང་གིས་དེ་རིང་དང་སང་ཉིན་རིང་། འབྲི་ཆུའི་བྱང་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་རླུང་ཆེན་དང་དྲོད་ཚད་ཆག་པའི་གནམ་གཤིས་འབྱུང་བ་དང་། ཧྭ་བྱང་གི་བྱང་རྒྱུད་དང་བྱང་ཤར་ས་ཁུལ་གྱི་དབུས་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲོད་ཚད10ནས12℃བར་དང་ས་ཁུལ་ཁག་གཅིག་ཏུ14℃ཡན་ཆག་རྒྱུ་ཡིན་པ་རེད། 

ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། མ་ཡུམ་ཆུ་བོ་སླར་གསོའི་བྱ་སྤྱོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་ཞིང་། མིག་སྔའི་བར། ཆུ་བོ74ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པའི་ལོ་འཁོར་གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད། 

རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ9པར། རང་རྒྱལ་གྱི་མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས་དུས་མཚུངས་ལས9%འཕར་ཡོད་པ་རེད། 

ཚེས17ཉིན། 2024ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་སྐྱེས་པའི་འཕུར་སྡེར་ཕྱོགས་མང་པོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་། ཀྲུང་གོའི་འགྲན་ཞུགས་པ་ཆིས་ཡིང་གིས་ཨང་དང་པོ་བླངས་པ་རེད། 

ཧུའུ་ནན་ཁྲང་ཧྲའི“4·29”ཡི་གྲོང་མིས་རང་སྐྲུན་ཁང་པ་རྡིབ་པའི་དོན་རྐྱེན་ཚབས་ཆེན་གྱི་གྱོད་དོན་ལ་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཝུའུ་ཀྲི་ཡུང་སོགས་མི15ལ་ཉེས་ཆད་བཅད་ཡོད། 

ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་ཚེས17ཉིན་དངོས་སུ་ཤར་གཏོང་ཐུབ་ནས་ལོ་གཅིག་འཁོར་བ་རེད། ལོ་གཅིག་རིང་། རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི579སྐྱེལ་འདྲེན་བྱས་པ་དང་ཉིན་རེར་འགྲུལ་པ་སྡོད་ཚད99.6%སླེབས་ཡོད་པ་རེད། 

ཚེས17ཉིན། ཨེ་ཤེ་ཡའི་ཨང་དང་པོར་གྱུར་བའི་རྡོ་སྟེགས་གསེག་འཐེན་ཟམ་ཆེན་ཏེ་མོ་ཀྲའེ་ཝུའུ་ཅང་ཐུ་ཟམ་པའི་འདེགས་ནུས་ཚོད་ལྟ་ལེགས་གྲུབ་བྱུང་བ་རེད། 

ཉེ་ཆར། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་གོ་ལ་ཧྲིལ་པོའི་གཤེར་གནོན་སྣུམ་རྫ་ཆེ་ཤོས་ལེགས་གྲུབ་བྱུང་ནས་ཐོན་སྐྱེད་བྱས་ཤིང་། དེས་གཤེར་གནོན་སྒྲིག་ཆས་ལྕི་རིགས་ཁྱབ་ཁོངས་སུ་རང་རྒྱལ་ལ་ཚད་བརྒལ་ཆེན་པོ་བྱུང་བ་མཚོན་ཡོད་པ་རེད། 

ཧྲང་ཧའེ་ཆུ་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་ཀྲུང་ཧྭ་ཞུན་གྱི་ཕྲུ་གུ5000ཙམ་གསོ་སྤེལ་བྱས་པ་དང་། མིག་སྔར་གསོན་པའི་ཀྲུང་ཧྭ་ཞུན་ཕྲུ་གུ2000ལྷག་ཙམ་བདེ་ཐང་ངང་འཚར་ལོངས་འབྱུང་བཞིན་ཡོད་པ་རེད། 

སྲིད་ཇུས།

པེ་ཅིང་གིས་ཇུས་གཞི་པར་འགྲེམས་བྱས་ནས་ཆུས་ཁག་དང་སློབ་གྲྭ་འབྲིང་ཆུང་། བྱིས་སྙོར་ཁང་བཅས་ཀྱིས་དགེ་རྒན་ཡོངས་ལ་ཕྱོགས་ནས་ལོ་ལྟར་ཉུང་མཐར་ཡང་སྒྱུ་རྩལ་སློབ་གསོའི་ཆེད་དོན་གསོ་སྦྱོང་ཐེངས1བྱ་རྒྱུ་དང་། སྒྱུ་རྩལ་དགེ་རྒན་ལ་ཕྱོགས་ནས་ལོ་ལྟར་ཉུང་མཐར་ཡང་ཆེད་ལས་གསོ་སྦྱོང་ཐེངས1བྱ་རྒྱུ་ཡིན་པ་རེད། 

ཧྲང་ཧའེ་ཡིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་སྲིད་ཇུས་ལེགས་སྒྲིག་བྱས་ནས་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གཉིས་པར་གཏན་འཁེལ་བྱས་ཚེ། ཐོག་མར་དངུལ་སྤྲོད་པའི་བསྡུར་གྲངས་དམའ་ཤོས25%ལ་ལེགས་སྒྲིག་བྱ་རྒྱུ་རེད། 

ཐེན་ཅིན་གྱིས་རླངས་འཁོར་མཉམ་གླ་དང་རླུང་ཕྱོགས་རླངས་འཁོར་གྱི་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་ནས་ཕྱིར་སྐྱོད་མ་གནས་ཆ་བགོས་བྱེད་ཐབས་ཀྱི་མཉམ་སྡོད་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། རླངས་འཁོར་རེས་ཉིན་རེར་ཞབས་ཞུ་ཐེངས་གཉིས་ལས་མི་བརྒལ་བ་བྱ་རྒྱུ་ཁ་གསལ་བཏོན་ཡོད་པ་རེད། 

དེ་རིང་གི་གནམ་གཤིས། 

ལེའོ་ཏུང་ཕྱེད་གླིང་དང་། ཧྭ་བྱང་དབུས་ནུབ་རྒྱུད། ཧོང་ཧའེ་ས་ཁུལ་མང་ཆེ་བ། ཅང་ཧའེ་ས་ཁུལ་མང་ཆེ་བ། ཅང་ཧན་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ནུབ་རྒྱུད། ཧྭ་ལྷོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་། ཧྲན་ཏུང་གི་དབུས་ཤར་རྒྱུད་དང་ཧུའུ་ནན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་རམ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章