ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-10-16 08:35   青海  

གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་ཀྱི་ལས་དོན་ཚོགས་འདུའི་ཐོག་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་གསར་པའི་དམག་དོན་རིགས་པའི་གཞུང་ལུགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་དོན་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་དགོས་པ་བསྟན། 

རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལོ10འཁོར་བའི་དུས་འདིར། ཟླ10པའི་ཚེས16ཉིན་པར་སྐྲུན་བྱ་བའི《བདེན་འཚོལ》དུས་དེབ་ཐེངས20པའི་ཐོག  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི2014ལོའི་ཟླ10པའི་ཚེས15ཉིན་གྱི《རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》སླར་ཡང་འགོད་རྒྱུ་ཡིན་པ་རེད། 

ཞིང་ལས་གནས་ཚུལ་གྱི་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར། རྒྱལ་ཡོངས་ཀྱི་སྟོན་འབྲུ་སྡུད་ཚད64.3%ཟིན་པ་དང་། ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས1.1གིས་མགྱོགས་པ་རེད། 

རྒྱལ་ཁབ་གློག་དྲ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ31ལ་བསྟུད་མར་ཚོད་ལྟ་བྱས་པ་བརྒྱུད། ཞིང་ཆེན་དབར་གྱི་གློག་ཤུགས་ཀྱི་ལག་ཡོད་ཚོང་ཟོག་ཁྲོམ་ར་ཚེས15ཉིན་ནས་བཟུང་དངོས་སུ་འཁོར་རྒྱུག་བྱེད་མགོ་རྩོམ་རྒྱུ་རེད། 

ཚེས15ཉིན། ཀྲུང་གོ་ཚན་རིག་ཁང་དང་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུ། ཀྲུང་གོ་མི་ཞུགས་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་དོན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་རང་རྒྱལ་གྱི་རྒྱལ་ཁབ་བར་སྣང་ཚན་རིག་གི་འཆར་འགོད་དང་པོ《རྒྱལ་ཁབ་བར་སྣང་ཚན་རིག་གི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད(2024ལོ་ནས2050ལོའི་བར)》ཁྱབ་བསྒྲགས་བྱས་པ་རེད། 

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཁྱབ་བསྒྲགས་བྱས་པའི2023ལོའི་མི་སྒེར་དཔྱ་ཁྲལ་སྡོམ་རྩིས་གཙང་འཇལ་གྱི་གྲངས་གཞིའི་ཐོག་ནས་མངོན་པ་ལྟར་ན། རང་རྒྱལ་དུ་ཕྱོགས་བསྡུས་ཐོབ་ཆ་ཐོབ་པའི་མི་སྣའི་ཁྲོད་དཔྱ་ཁྲལ་གཅིག་ཀྱང་འཇལ་མི་དགོས་པའི་མི་སྣའི་བསྡུར་གྲངས་དེ་བཅུ་ཆ་བདུན་ལྷག་ཙམ་ཟིན་ཡོད་པ་རེད། 

ཉེ་དུས། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་ཆུ་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭ2023ལོ་ནས2024ལོའི་བར་གྱི་ཆུ་འདྲེན་ལས་གྲྭ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཅང་སུའུ་ནས་ཧྲན་ཏུང་དུ་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར10.01ཟིན་ཡོད་པ་རེད། 

ད་ལོའི་ཟླ9པའི་བར། རང་རྒྱལ་གྱི་མཚོ་ཐོག་སྐྱེལ་འདྲེན་གྲུ་གཟིངས་རུ་ཁག་གི་སྤྱིའི་གཞི་ཁྱོན་ཐེག་ཚད་ཏུན་དུང་ཕྱུར4.3སླེབས་ཡོད། དེས་འཛམ་གླིང་གྲུ་གཟིངས་རུ་ཁག་བསྡུར་ཚད་ཀྱི18.7%བཟུང་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་པ་རེད། 

གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་ནས8པའི་བར་རང་རྒྱལ་དང་ཡོ་རོབ་བྱང་མའི་རྒྱལ་ཁབ་ལྔའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར354.4ལ་སླེབས་པ་དང་། དུས་མཚུངས་ལས5.7%འཕར་ཡོད་པ་རེད། 

ཚེས15ཉིན། ཕྱི་འབྲེལ་པུས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ཐད་ཀྲུང་གོ་ཕྱོགས་ཀྱིས་ཕྱེད་གླིང་གི་དུས་བབ་འཕེལ་རྒྱས་དང་ཁྲའོ་ཞན་དང་ཧན་གོའི་འབྲེལ་བའི་འཕེལ་ཕྱོགས་ལ་དོ་ཁུར་བྱེད་ཀྱི་ཡོད། ཕྱེད་གླིང་གི་དུས་བབ་ཛ་དྲག་ཏུ་འགྲོ་བ་དེ་ཕྱོགས་ཁག་གི་ཐུན་མོང་ཁེ་ཕན་དང་མཐུན་གྱི་མེད། མིག་སྔར་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ནི་འགལ་བ་སྔར་བས་ཛ་དྲག་ཏུ་མི་འགྲོ་བ་བྱ་རྒྱུ་དེ་ཡིན་ཞེས་བཤད་པ་རེད། 

སྤྱི་ཚོགས། 

ཚེས18ཉིན་ནས་བཟུང་། རང་རྒྱལ་གྱི་དབུས་ཤར་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་ཆར་ཆུ་འབབ་རྒྱུ་ཡིན་པ་དང་། ས་ཁུལ་ཁག་གཅིག་གི་ཆར་ཆུ་འབབ་ཚད་དེ་དུས་མཚུངས་ལས་མཐོང་དཀོན་པ་རེད། ཚེས18ཉིན་ནས་བཟུང་། ད་དུང་མཁའ་རླུང་གྲང་མོས་ཤར་རྒྱུད་ས་ཁུལ་ལ་ཤུགས་རྐྱེན་ཕོག་ནས་དྲོད་ཚད་མངོན་གསལ་དོད་པོས་ཆག་རྒྱུ་ཡིན་པ་རེད། 

ཚེས15ཉིན། ཀྲུང་གོའི་བདམས་ཐོན་པ་ཧོང་ཡུས་ཐིང་དང་ཧྲེང་ལི་ཧའོ་གཉིས་ཀྱིས་རྒྱལ་སྤྱིའི་མེ་མདའ་འགྲན་བསྡུར་གྱི་སྤྱིའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་སྨི10ཡི་ཕུ་མདའ་དང་རིང་མདའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་། བུད་མེད་ཚོགས་ཆུང་དང་སྐྱེས་པའི་ཚོགས་ཆུང་གི་གསེར་གྱི་རྟགས་མ་སོ་སོར་ཐོབ་པ་དང་། ཞེ་ཡུས་ལ་སྨི10ཡི་ལག་མདའ་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་རེད། 

ཚེས15ཉིན་གྱི་དགོང་མོར། ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས2026ལོའི་མེ་ཅ་མོ(美加墨)འཛམ་གླིང་བུམ་པའི་ཨེ་ཤེ་ཡ་ཁུལ་གྱི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་གྱི་རེས་སྐོར་བཞི་པའི་འགྲན་བསྡུར་ནང2:1གི་ཐོག་ནས་ཧིན་རྡུ་ཉི་ཞི་ཡའི་རུ་ཁག་ལས་རྣམ་པར་རྒྱལ་ཏེ་འགྲན་སྐོར18པའི་རྒྱལ་ཁ་ཐོག་མ་བླངས་པ་རེད།  

ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཏོའུ་ཝན་ཀུའེ་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། 

ཚེས15ཉིན། ཀྲུང་གོ་སྲུང་སྐར་དྲ་བ་དེ་ཞུང་ཨན་ཁུལ་གསར་དུ་གཞིས་ཆགས་པའི་ཀྲུང་དབྱང་ཁེ་ལས་ཐོག་མ་དེ་ཡིན་པའི་ངོས་ནས་ཕྱོགས་ཡོངས་ནས་གནས་སྤོས་བྱས་པ་རེད། 

ཉེ་ཆར། གསོ་རླུང་མེད་པའི་རི་འཛེག་པ་ཧོ་ཅིང་གིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི8027ཡོད་པའི་ཤི་ཤ་སྦང་མ་རི་རྩེར(希夏邦马峰)བདེ་བླག་ངང་འཛེགས་ནས་སྨི8000ཡན་གྱི་ཀྲུང་གོའི་རི་འཛེག་པ་དང་པོ་དེར་གྱུར་ཡོད། 

ཚེས15ཉིན། ཀྲུང་གོའི་སྦྲག་སྲིད་ཀྱིས《ཀྲུང་གོའི་དེང་རབས་རྩོམ་རིག་པ》ཞེས་པའི་དྲན་གསོའི་སྦྲག་འཛིན་འགྲེམས་སྤེལ་བྱས་པ་རེད། 

ཏུང་ཅ་ཁོའུ་མཚོ་དོན་ཅུས(董家口海事局)མཚོ་སྐྱོད་ཉེན་བརྡ་བཏང་སྟེ། ཟླ10པའི་ཚེས16ཉིན་གྱི་ཆུ་ཚོད6པ་ནས་ཟླ10པའི་ཚེས18ཉིན་གྱི་ཆུ་ཚོད18བར་རྒྱ་མཚོ་སེར་པོའི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་བྱ་སྤྱོད་སྤེལ་ནས་མཚོ་འགྲུལ་བྱ་རྒྱུ་བཀག་འགོག་བྱས་པ་རེད། 

ཧྲན་ཤིས་ཅིན་ཁྲེང་དུ་རླངས་འཁོར་ཆུང་བ་ཞིག་བསམ་ཡུལ་ལས་འདས་པའི་སྒོ་ནས་མགོ་རྟིང་ལོག་ནས་རང་འབར་བྱས་པས་རླངས་འཁོར་ནང་གི་སྤོ་བོ་དང་ཚ་བོ་གཉིས་ཉེན་ཁའི་གནས་སུ་གྱར། ལམ་བར་དུ་ཡོད་པའི་མི་ཞིག་གིས་འཕྲལ་དུ་རླངས་འཁོར་གྱི་སྒོ་ཕྱེ་ནས་མི་བསྐྱབས་ཤིང་། སྐྱོན་ཆེན་པོ་བྱུང་མེད། 

སྲིད་ཇུས།

པེ་ཅིང་གིས་བརྡ་ཐོ་བཏང་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཐད“དྲ་ཐོག་ནས་རེ་ཞུ་བྱེད་པ་དང་སྒོ་རྩར་བསྐྱོད་དེ་གན་རྒྱ་འཇོག་པའི”རྣམ་པ་མང་དུ་བཏང་བ་དང་། དངུལ་བུན་གཡར་མཁན་གྱིས་དངུལ་བུན་རེ་ཞུ་བྱས་ཚེ། ཚོང་ལས་དངུལ་ཁང་གི་དངུལ་བུན་གཉེར་སྐྱོང་སྡེ་ཚན་གྱི་མཛུབ་ཁྲིད་འོག་སྒོ་རྩར་ཕེབས་ནས་ཞབས་ཞུ་མཁོ་འདོན་བྱེད་པ་ལས་དངུལ་བུན་གཡར་མཁན་གྱིས་སྒྲོམ་སྟེགས་སུ་འགྲོ་ལུགས་གཉེར་མི་དགོས། 

ཉིང་ཞ་ཡིས“ཁམས་དམར་ལེན་ཐབས”སོགས་སྨན་བཅོས་རང་བཞིན་གྱི་སྐྱེ་འཕེལ་རམ་འདེགས་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས13དེ་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་འཇུག་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། 

ཧེ་ལུང་ཅང་གིས་དུས་དབྱེའི་གློག་རིན་སྲིད་ཇུས་ལེགས་སྒྲིག་བྱས་ནས་ཉིན་གུང་ཆུ་ཚོད12ནས14བར་གྱི་གློག་རིན་ལེགས་སྒྲིག་བྱས་པ་དང་འབྲེལ་གློག་རིན་རྩེར་སོན་གནས་སྐབས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་པ་རེད། 

དེ་རིང་གི་གནམ་གཤིས། 

ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད། ཞིན་ཅང་གི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཨན་ཧུའེ་ལྷོ་རྒྱུད་དང་། ཀྲེ་ཅང་གི་དབུས་བྱང་རྒྱུད། ཅང་ཞིའི་ཤར་བྱང་རྒྱུད། ཧུའུ་ནན་ཤར་བྱང་རྒྱུད། ཀོང་ཏུང་ཤར་ལྷོའི་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་རྒྱུད། ཀུའེ་ཀྲོའུ་ནུབ་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད། ཡུན་ནན་གྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章