མགོ་མང་གྲོང་རྡལ་མངགས་གཏོང་ཁང་གིས་ཧྥེང་ཆའོ་ཉམས་མྱོང་ལག་ལེན་བྱས་ནས་མི་དམངས་ཉེན་རྟོག་པའི་སྣང་བརྙན་བཟང་བོ་བསྐྲུན།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་མངགས་གཏོང་ཁང་གིས་གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས། ཏང་འཛུགས་སྐྲུན་གྱིས་དཔུང་སྡེ་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་དང་། དཔུང་སྡེ་འཛུགས་སྐྲུན་གྱིས་བྱེད་སྒོར་སྐུལ་འདེད་གཏོང་བ། བྱེད་སྒོའི་ཆུ་ཚད་མཐོ་རུ་གཏོང་བའི་བྱ་བའི་སྤྱིའི་དམིགས་འབེན་དམ་འཛིན་བཅས་བྱས་ཏེ། ས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཤིང་འབྲོག་ཁུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་པ། མང་ཚོགས་དང་ཉེ་བར་བཅར་ཏེ་མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་རེ་འདུན་ལ་དུས་ཐོག་ཏུ་རྒྱུས་ལོན་ཞིབ་མོ་བྱེད་པ། མི་དམངས་ཀྱིས་སེམས་ཁྲལ་བྱེད་པའི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་ཡང་དག་བྱེད་པ་གཙོ་གནད་དུ་བཟུང་སྟེ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ཧུར་ཐག་གིས་ལག་ལེན་བྱས་ནས་མི་དམངས་ཉེན་རྟོག་པའི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པར་མ་ཟད། མངགས་གཏོང་ཁང་གི་གཞི་རིམ་བཅོས་སྐྱོང་ནུས་པ་ཧུར་ཐག་གིས་ཆེ་རུ་བཏང་བ་དང་། བྱ་སྤྱོད་དངོས་ལས་དུས་རབས་གསར་བའི་ཧྥེང་ཆའོ་ཉམས་མྱོང་གི་ལག་ལེན་མཁན་ཞིག་བྱེད་པར་འབད་བརྩོན་བྱས་ནས། མི་དམངས་ཉེན་རྟོག་པས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཉེན་རྟོག་པའི་སྣང་བརྙན་གསར་པ་དང་ལག་རྗེས་གསར་པ་མངོན་པར་བྱས། དེའི་སྐོར་ནས་ཀོས་ནན་རྫོང་མགོ་མང་གྲོང་རྡལ་མངགས་གཏོང་ཁང་གི་འགོ་གཙོ་པདྨ་རྡོ་རྗེ་ཡིས་བཤད་རྒྱུར། མགོ་མང་གྲོང་རྡལ་མངགས་གཏོང་ཁང་དུ་ཁྲིམས་འཛིན་གྱོད་སྒྲུབ་རུ་ཁག་དང་། སྡེ་ཁུལ་ཉེན་རྟོག་བྱ་བའི་རུ་ཁག ཕྱོགས་བསྡུས་བཀོད་འདོམས་ཁང་བཅས་བཙུགས་ཡོད་པ་དང་། དེའི་མངའ་ཁོངས་སུ་སྲིད་འཛིན་སྡེ་བ11དང་སྡེ་ཁུལ3ཡོད། ཉེ་བའི་ལོ་ཤས་རིང་། མགོ་མང་གྲོང་རྡལ་མངགས་གཏོང་ཁང་གིས་བཅོས་སྐྱོང་ཐད་ཞིབ་ཚགས་ཡིན་པ་དང་མཉམ་འདྲེས་ཐད་སྐུལ་འདེད་བྱེད་པ། ཕན་འབྲས་ཐད་གྲུབ་འབྲས་ལ་མཐོང་ཆེན་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཞབས་ཞུའི་ཕན་འབྲས་དང་མང་ཚོགས་བློ་ཡིད་ཚིམ་ཚད་མཐོར་འདེགས་སུ་གཏོང་བར་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། སྡེ་བ་གཅིག་ལ་ཉེན་རྟོག་པ་གཅིག་གི་ལས་འགན་ལག་བསྟར་དོན་འཁྱོལ་གྱིས་ཉེན་རྟོག་པ་མང་པོ་སྡེ་བ་དང་ཁྱིམ་ཚང་རེ་རེར་བསྐྱོད་དེ། དུས་རབས་གསར་བའི“ཧྥེང་ཆའོ་ཉམས་མྱོང”ཀོས་ནན་ཅན་དུ་འགྱུར་བར་ནན་ཏན་སྒོས་སྐུལ་འདེད་བཏང་། དེའི་སྐོར་ནས་མགོ་མང་གྲོང་རྡལ་མངགས་གཏོང་ཁང་གི་ལས་བྱེད་མི་སྣ་ཕག་མོ་རྡོ་རྗེས་བཤད་རྒྱུར། མགོ་མང་གྲོང་རྡལ་མངགས་གཏོང་ཁང་གིས་དུས་དང་རྣམ་པ་ཀུན་ཏུ། ས་གནས་མང་ཚོགས་ལ་དོན་དག་ཅི་ཞིག་སྒྲུབ་རུང་བ་དང་ཅི་ཞིག་སྒྲུབ་མི་རུང་བ། དུས་རྒྱུན་གྱི་འཚོ་བའི་སྤྱོད་ལམ་ཇི་འདྲ་ཞིག་བྱེད་དགོས་ལུགས། རང་གི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཇི་ལྟར་གཟབ་དགོས་པ། དྲ་ལམ་གྱི་འཆལ་གཏམ་སྣ་ཚོགས་དང་གཞན་གྱི་གཡོ་འོག་ཏུ་མི་ཚུད་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚད་ལྡན་ཞིག་བྱེད་དགོས་པའི་སྐོར་ནས་གོ་བདེ་ཞིང་ཉན་སྤྲོ་བའི་ལམ་ནས་ཁྲིམས་ལུགས་ཤེས་བྱ་སྣ་ཚོགས་དྲིལ་སྒྲོག་བྱས་པར་མི་དམངས་མང་ཚོགས་ལ་གོ་བསྐོན་བློ་འགུག་གི་ནུས་པ་ཆེས་ཆེར་ཐོན་ཏེ། ད་ལྟ་མངའ་ཁོངས་ཀྱི་སྡེ་བ་མང་པོ་ཞིག་ཏུ་འགལ་བ་དང་རྩོད་གཞི་ལས་བྱུང་བའི་རིགས་སྣ་ཚོགས་ཀྱི་གྱོད་གཞི་མངོན་གསལ་གྱིས་མར་ཆག་ནས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པར་ཕན་འབྲས་མངོན་གསལ་ཐོབ་ཡོད། དེའི་སྐོར་ནས་ཚ་ནག་སྡེ་བའི་སྡེ་མི་ཟོན་ཐར་རྒྱལ་གྱིས་བཤད་རྒྱུར། མ་འོངས་པར་མགོ་མང་གྲོང་རྡལ་མངགས་གཏོང་ཁང་གིས་མུ་མཐུད་དུ་དུས་རབས་གསར་བའི་ཧྥེང་ཆའོ་ཉམས་མྱོང་ལག་ལེན་གཏིང་ཟབ་བྱེད་པ་དང་། བྱ་བའི་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་བདེ་འཇགས་འགན་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་འཆམ་མཐུན་དང་བདེ་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་པར་འབད་བརྩོན་བྱེད་རྩིས་འདུག
གསར་འགོད་པ། གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།