ཟླ11པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཟི་ལིང་གྲོང་ཁྱེར་དུ་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྐྱེ་ཁམས་སྔོན་ལ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། འཆར་འགོད་སྣེ་སྟོན་དུ་འཛིན་པ། ཁེ་ལས་གཙོ་བོར་འཛིན་པ། སྲིད་གཞུང་གིས་མ་ལག་ཆ་ཚང་བའི་སྒོ་ནས་ཞབས་ཞུ་བྱེད་པའི་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་ཡག་པོར་བསྐྱོད་དགོས།
ཁངས་བབས་མ་ཐག་ཡིན་པའི་དབང་གིས་དྲོད་ཚད་ཇེ་དམའ་རུ་སོང་ཡོད་ནའང་། རྟ་ཐང་རྫོང་པེ་ཁྲོན་བཟོ་ལས་གླིང་ཁུལ་དུ་སྔར་བཞིན་ཚ་ཚ་འུར་འུར་གྱི་ཐོན་སྐྱེད་རྣམ་པའི་ཡོ་ལང་རབ་ཏུ་རྒོད། ཁྲིན་ཀང་ཨོའུ་ནའེ་ཐི་ཞན་ལན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་འཁོར་ཁང་དུ་སོང་ནས། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཚན་རྩལ་གསར་གཏོད། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཁེ་ལས་ཀྱིས་རང་འགུལ་ངང་སྟབས་བསྟུན་འགྱུར་ལྡོག་གཏོང་རྒྱུ་དང་ཁྲོམ་རའི་འགྱུར་ལྡོག་ལ་དམ་པོར་དམིགས་ནས་ལག་རྩལ་དང་ཐོན་རྫས་རིམ་སྤོར་ལ་མྱུར་དུ་སྐུལ་འདེད་བཏང་ནས། ལས་སྒོའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ཐད་ནས་སྐུལ་ལྕག་བཏང་། ཁྲིན་ཀང་གིས་ཧྲིན་ཧན་ལྕགས་རིགས་ཚན་རྩལ(མཚོ་སྔོན)ཚད་ཡོད་ཀུང་ཟི་རུ། ཡུལ་དངོས་ནས་འཛུགས་སྐྲུན་བྱེད་བཞིན་པའི་བཟོ་ཁང་ལ་བལྟས་པ་དང་ཧ་ཡང་དང་ལྕགས་རིགས་བསྲེས་མའི་འཁོར་ལོའི་འགྲན་རྩོད་ལེགས་ཆ་དང་འཕེལ་རྒྱས་ཀྱི་མདུན་ལམ། ཐོན་སྐྱེད་སྒྲུབ་རིམ་སོགས་ཀྱི་གནས་ཚུལ་སྐོར་ནས་འདྲི་རྩད་བྱས་ཏེ། ས་གནས་ཀྱིས་རྒྱལ་ཡོངས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་ལྗང་མདོག་ཐཱན་ཉུང་གི་ཧ་ཡང་དང་ལྕགས་བསྲེས་མའི་འཁོར་ལོའི་ཐོན་སྐྱེད་རྟེན་གཞི་བསྐྲུན་རྒྱུར་རྩེ་གཅིག་ཏུ་གཞོལ་བཞིན་པ་ལ་ཁས་ལེན་གང་ལེགས་བྱས། ཁྲིན་ཀང་གིས་གླིང་ཁུལ་གྱི་འགན་འཁུར་བློ་མཐུན་ལ་ཁེ་ལས་ཀྱི་དགོས་མཁོ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་རྒྱུ་དང་། དཀའ་ངལ་གྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ། སྤུས་ལེགས་ཞབས་ཞུ་དང་ཚོང་གཉེར་ཁོར་ཡུག་བཟང་པོར་བརྟེན་ནས་ཚོང་འགུག་དངུལ་འདྲེན་གྱི་ཕན་འབྲས་མངོན་སུམ་གྱིས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།
དེའི་རྗེས་ཁྲིན་ཀང་པེ་ཁྲོན་ཧ་ཡང་ཐོན་ལས་འགྲེམས་སྟོན་རྟེན་གཞིར་སོང་ནས། ཏ་ཐུང་རྫོང་གི་ཧ་ཡང་ཐོན་ལས་ལྗང་མདོག་ཅན་དང་རྩེར་སོན་ཅན། གྲངས་རིག་ཅན། གཅིག་སྡུད་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་སྤྱིའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ཟི་ལིང་གྲོང་ཁྱེར་གྱི་ཐོན་ལས་གཉིས་པའི་འཕེལ་རྒྱས་བཀོད་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཁྲིན་ཀང་གིས་མིག་སྔའི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། རང་རེའི་ཞིང་ཆེན་གྱི་དམིགས་བསལ་ཐོན་ཁུངས་དང་ཐོན་ལས་ཀྱི་ལེགས་ཆ་དང་དགེ་མཚན་བཅས་ཀྱི་སྟེང་ནས་རྐང་ཚུགས་པར་བྱེད་རྒྱུ་དང་། ཕྲེང་འབྲེལ་སྔར་ལས་སྟོབས་ལྡན་དུ་གཏོང་བ་དང་ཕྲེང་འབྲེལ་སྔར་ལས་ཇེ་རིང་དུ་གཏོང་བ། འབྲེལ་ཐག་ཁ་གསབ་བྱེད་པ། ཉི་འོད་ནུས་པའི་བཟོ་སྐྲུན་དང་ལིས་གློག་གསོག་ནུས། མདོག་ལྡན་ལྕགས་རིགས་སོགས་ཀྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། འཆར་འགོད་ཀྱིས་སྣེ་ཁྲིད་བྱས་ཏེ་རྣམ་པ་གསར་པའི་བཟོ་ལས་ཅན་གྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་ཚོང་འགུག་དངུལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། འཚར་ལོངས་རང་བཞིན་ཆེ་བ་དང་ཟུར་སྣོན་རིན་ཐང་ཆེ་བའི་ཐོན་ལས་ཚུལ་སྒྱུར་འབད་པས་དང་ལེན་བཅས་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས་ཞེས་ནན་བཤད་བྱས།
རྟོག་ཞིབ་བྱེད་སྐབས། ཁྲིན་ཀང་ད་དུང་རྟ་ཐང་རྫོང་ཧྲའོ་ཧྲན་སློབ་འབྲིང་དུ་སོང་ནས་བདེ་འཇགས་སྒྲིག་ཆས་བཀོད་སྒྲིག་དང་བདེ་སྲུང་སྟོབས་ཤུགས་བཀོད་སྒྲིག མཐའ་འཁོར་གྱི་བདེ་འཇགས་དོ་དམ་ཚོད་འཛིན་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས། ཁྲིན་ཀང་གིས་སྔོན་ཇུས་ཞིབ་ཚགས་བཟོ་བ་དང་འཕྲལ་བསྟུན་སྦྱོང་བརྡར་ལ་ཤུགས་སྣོན་པ། རིམ་པ་བཞིན་འགན་འཁྲི་ནན་མོར་འཁུར་བ་བཅས་བྱས་ཏེ། སློབ་གྲྭའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་འབད་པས་བསྐྲུན་དགོས་ཞེས་ནན་གྱིས་བསྟན། ཁྲིན་ཀང་གིས་འབྲེལ་ཡོད་འགན་འཁུར་བློ་མཐུན་ལ་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་ཡག་པོ་གཏོང་བ་དང་། ཉེན་ཁའི་འགལ་རྐྱེན་ལ་གྲལ་བཤེར་བྱེད་པ་དང་སེལ་ཤུགས་ཆེ་རུ་བཏང་ནས། འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་ཐག་གཅོད་བྱས་ཏེ། ལོ་མཇུག་དང་ལོ་འགོའི་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བར་འགན་ལེན་བྱེད་དགོས་པའི་མངགས་བཅོལ་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་རྟོག་ཞིབ་ལ་ཞུགས།
རྩོམ་སྒྲིག་པ། ལྷ་མོ་འཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།