ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་ཐད་ནས་གསུང་བཤད་གལ་ཆེན་གནང་།

文摘   2024-12-03 14:44   青海  

ཞི་ཅིན་ཕིང་གིས “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་སྟེང་གསུང་བཤད་གལ་ཆེན་གནང་།

ཟླ12པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།

ཟླ12པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་ནས། མིག་སྔའི་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་འོག་ཏུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བཤད་ན་གོ་སྐབས་དང་འགྲན་སློང་མཉམ་གནས་ཡིན་ནའང་། སྤྱིའི་ཆ་ནས་གོ་སྐབས་དེ་འགྲན་སློང་ལས་ཆེ་བ་ཡོད། ང་ཚོས་འཐབ་ཇུས་ཀྱི་གདེང་ཚོད་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྔར་ལས་འོད་སྟོང་འཕྲོ་བའི་མ་འོངས་པ་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་།

བཞུགས་མོལ་ཚོགས་འདུའི་སྟེང་དུ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲིན་ཧྲན་ཅེ་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་མ་ཁྲའོ་ཞུས། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱིན་ལིས། ཧུའུ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་མིན་ཧོས། ཀྲུང་གོ་པའོ་ཝུའུ་ངར་ལྕགས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཧུའུ་ཝང་མེན། དབྱི་ཞིན་ཨོ་ཉོ་ཚོང་ཞབས་ཞུ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཧྥིན་ཞུའུ་པེན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཀྲུང་གོ་མཐའ་མཚམས་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཞིན་ཀོང་ཁྲིན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་པར་མ་ཟད། དོན་དངོས་དང་ཟུང་འབྲེལ་སྒོས་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་བསམ་འཆར་དང་གྲོས་འགོ་བཏོན།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས2013ལོར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དངོས་སུ་བཏོན་པའི་ཚུན་ལ། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་ལས་དང་སྒོ་འབྱེད་དཀྱེལ་ཡངས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་དར་གོས་ཚོང་ལམ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་པ་དང་། དུས་རྣམ་ཀུན་ཏུ་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་དང་མཉམ་ལས་རིམ་པ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། རྒྱལ་སྤྱིའི་ཡིད་འགུག་ནུས་པ་དང་ཤན་ཤུགས། གོང་བུར་འགྲིལ་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད་ལ། རྒྱལ་ཁབ་བར་གྱི་མཛའ་མཐུན་ཇེ་ཟབ་ཏུ་བཏང་བར་མ་ཟད། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོས་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ། འཛམ་གླིང་འདི་ཉིད་འགྱུར་ལྡོག་ཧ་ཅང་ཆེ་བའི་ཟང་ཟིང་གི་དུས་སྐབས་གསར་པར་སླེབས་ནས། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་མངོན་གསལ་སྒོས་ཇེ་མང་དུ་ཕྱིན་པ་དང་། ས་ཆ་ཁག་ཅིག་ཏུ་འཁྲུག་རྩོད་དང་ཟང་ཟིང་གི་རྣམ་པ་བྱུང་དང་འབྱུང་བཞིན་ཡོད་ལ།   རྒྱབ་ལྗོངས་དེ་འདྲའི་འོག་ཏུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འོས་འཚམ་འཇལ་དགོས་པ་དང་། ས་བབ་དང་འབྲེལ་བའི་གདོང་ཐུག་གི་ཤུགས་རྐྱེན་ཁྱད་སེལ་ནུས་ལྡན་བྱེད་པ། མཉམ་སྐྲུན་རྒྱལ་ཁབ་དག་གི་ཐོབ་སྣང་ཆེ་རུ་གཏོང་བ་དང་རང་ལ་ཕན་པ་ཡོད་པའི་དོན་དག་རྒྱུན་འཁྱོངས་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། རང་རྒྱལ་གྱི་ཕྱིའི་ཁེ་ཕན་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་དོན་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་དར་ཆ་མཐོན་པོར་སྒྲེང་བ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་དང་སྒོ་འབྱེད་ལྗང་མདོག་སྤྱོད་གཙང་། ཚད་གཞི་མཐོ་བའི་དམངས་འཚོར་ཕན་པ་བཅས་ཀྱི་མཛུབ་སྟོན་རྩ་དོན་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་ངང “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འགུལ་སྐྱོད་བརྒྱད་ཁྲིད་སྟོན་དུ་འཛིན་པ། ཕན་ཚུན་སྦྲེལ་མཐུད་གཙོ་རྐང་དུ་འཛིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཟུང་འབྲེལ་བྱེད་རྒྱུ་དང་། སྲིད་གཞུང་གི་ཁྲིད་སྟོན་དང་ཁྲོམ་རའི་འཁོར་སྐྱོད་ཟུང་འབྲེལ་བྱེད་པ། ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་འགུལ་རྣམ་ལེགས་གཏོང་ཟུང་འབྲེལ་བྱེད་པ། གྲངས་འབོར་འཕར་བ་དང་སྤུས་ཚད་མཐོར་གཏོང་ཟུང་འབྲེལ་བཅས་རྒྱུན་འཁྱོངས་བྱེད་དགོས། རྨང་གཞིའི་སྒྲིག་ཆས་ཀྱི“མྱུར་འབྲེལ”དང་།  སྒྲིག་སྲོལ་དང་ཚད་གཞི་ཡི“མཉེན་འབྲེལ”། མཉམ་སྐྲུན་རྒྱལ་ཁབ་དང་མི་དམངས་བར་གྱི“སེམས་པ་མཉམ་འབྲེལ”བཅས་ལ་སྤྱི་འདོམས་བྱས་ཏེ་སྐུལ་འདེད་གང་ལེགས་གཏོང་བ་དང་། མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་དང“ཆུང་ལ་མཛེས་པའི”དམངས་འཚོའི་ལས་གཞི་འཛུགས་སྐྲུན་ལ་སྤྱི་འདོམས་སྒོས་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་དང་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བར་སྤྱི་འདོམས་སྒོས་སྲ་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བ་དང་མཉེན་གཤིས་སྔར་ལས་འཛོམས་པ། སྔར་ལས་རྒྱུན་མཐུད་ཡིན་པ་བཅས་ཀྱི་གཉིས་ཕན་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དང་གཅིག་གྱུར་འཆར་འགོད་དོ་དམ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། “མྱུར་འབྲེལ”དང“མཉེན་འབྲེལ”། “སེམས་འབྲེལ”བཅས་ཀྱི་མཐུན་སྦྱོར་སྐུལ་འདེད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཐོན་ལས་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་དངོས་གཉེར་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དངུལ་གཏོང་དང་མ་དངུལ་བསྡུ་སྒྲིལ་གྱི་སྣ་མང་ཅན་གྱི་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ཕྱི་ནང་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཕྱི་རྒྱལ་གྱི་ཁེ་ཕན་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་བརྒྱུད་སྤེལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྱོད་གཙང་གི་དར་གོས་ཚོང་ལམ་གྱི་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་ལས་དོན་འདི་ཉིད་བརྟན་པོའི་ངང་ཡུན་རིང་བོར་སྤེལ་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་འཆར་གཞི་གཅིག་མཐར་མ་ཕྱིན་བར་དུ་རྒྱུན་འཁྱོངས་བྱེད་རྒྱུ་དང་གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཕོད་པ་བཅས་ཀྱི་སྒོ་ནས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་གསུངས།

ཏེན་ཞུའེ་ཞང་གིས་ཚོགས་འདུར་འགོ་འཛིན་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་བ་དང་། དེང་སྐབས་དང་མ་འོངས་པའི་དུས་སྐབས་ཤིག་གི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་གོ་དོན་གཏིང་ཟབ་ལ་རྒྱ་ཆེ་བ་དང་རྒྱས་བཤད་གནད་ལ་འཕིགས་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་དགེ་མཚན་ལྡན་པས། མ་འོངས་པའི་འབྲས་ལྡན་གྱི་ལོ་བཅུའི་ནང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་ལ། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པར་བརྟེན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཅིའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས།

ཝང་དབྱི་དང་ཧི་ལིས་ཧྥུན། ཝུའུ་ཀྲིན་ལུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚན་ཆུང་གི་འགན་འཁུར་བློ་མཐུན་གཙོ་བོ། འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་མི་སྣ། ཆེད་མཁས་པའི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། ལྷ་མོ་འཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章