ཟླ11པའི་ཚེས29ཉིན། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་འཚོགས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་དེར་གོ་བ་གཏིང་ཟབ་ལེན་རྒྱུ་དང་། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོར་ཤུགས་སྣོན་པ་དང་། ནུབ་རྒྱུད་མི་རིགས་ས་ཁུལ་གྱི་སློབ་གསོ་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་གཏོང་བ། སློབ་གསོས་ས་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་བཅས་ཀྱི“དཔེ་མཚོན་གསུམ”འབད་པས་བཏོད་དེ། སྤྱི་ཚོགས་ཡོངས་སུ་དགེ་རྒན་གྱི་ལས་རིགས་དང་གོ་གནས་ཇེ་མཐོར་གཏོང་བ་དང་དེར་མོས་མཐུན་བྱེད་པའི་འདུ་ཤེས་སྔར་ལས་ཇེ་མཐོར་གཏོང་དགོས་ལ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན། ཤེས་རིག་ལ་མཐོང་ཆེན། སློབ་སྦྱོང་ལ་བརྩི་མཐོང་བཅས་ཀྱི་རྣམ་པ་བཟང་པོ་བསྐྲུན་ཏེ། སློབ་གསོ་ཡི་ཞིང་ཆེན་སྟོབས་ལྡན་བསྐྲུན་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། སློབ་གསོ་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ་ཝུའུ་ཡན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་ཆི་ཧྥན་གྱིས་སྤྱི་སྡོམ་གཏམ་བཤད་སྤེལ། ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིས་མེན་དང་ལིའུ་མཱེ་ཕིན། ཚེ་རིང་ཐར། ཀྲུའུ་ཞང་ཧྥུན། དབྱང་ཀྲི་ཝུན། ཀྲ་ཆིན་ཅིའུ་བཅས་ཚོགས་འདུར་ཞུགས།
ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོས་སློབ་གསོ་ཡི་ཞིང་ཆེན་སྟོབས་ལྡན་མགྱོགས་མྱུར་ངང་བསྐྲུན་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྦྱོང་བསླབ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་སྔར་ལས་དྲང་གཞག་དང་སྔར་ལས་མང་པོའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་རྒྱུ་དང་སློབ་གསོ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཕན་འབྲས་ཐོན་པར་བྱེད་དགོས།
ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ལ་ཁས་ལེན་གང་ལེགས་བྱས་ནས་ནན་གྱིས་བསྟན་དོན། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཕེལ་ཕྱོགས་ཆེན་པོའི་ཁྲོད་ནས་སློབ་གསོའི་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་དགོས་པ་དང་། སློབ་ལོ་རན་པའི་མི་འབོར་གྱི་གྲུབ་ཆའི་རང་བཞིན་གྱི་འགྱུར་ལྡོག་གི་ཁྱད་ཆོས་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། མི་འབོར་གྱི་འགྱུར་ལྡོག་དང་མཐུན་པར་བྱེད་པའི་མིག་རྒྱང་རིང་བོའི་ཁྲོད་ནས་སློབ་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། མཚོ་སྔོན་འདི་ཉིད་ལོ་རྒྱུས་སྟེང་འཕེལ་རྒྱས་ཡག་ཤོས་ཀྱི་དུས་སྐབས་སུ་གནས་ཡོད་པའི་བརྡར་གཅོད་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་མཉམ་འདྲེས་དང་ཞབས་འདེགས་ཞུ་བའི་གཏན་ཚིགས་ཆེན་པོའི་ཁྲོད་དུ་སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གྲུབ་སྟངས་ཆེན་པོའི་ཁྲོད་ནས་སློབ་གསོ་འདི་ཉིད་གལ་འགངས་ཆེ་ཤོས་སུ་བརྩིས་ཏེ་དམ་འཛིན་བྱེད་པ་དང་། ཁ་གཏད་རོགས་སྐྱོར་དང་རོགས་འདེགས་ལམ་ལུགས་ཀྱི་ཁྱད་ཡོན་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། སློབ་གསོའི་རོགས་སྐྱོར་ཟབ་སྤེལ་དུ་གཏོང་བའི་འཐབ་ཇུས་ཆེན་པོའི་ཁྲོད་ནས་སློབ་གསོའི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།
ཁྲིན་ཀང་གིས་སློབ་གསོ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་དུ་འགྱུར་བར་ཅིས་ཀྱང་ཆུ་ཚད་སྔར་ལས་མཐོ་བའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཡག་པོ་གཉེར་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཞི་རྐང་དུ་བཟུང་ནས། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དམིགས་འབེན་རང་བཞིན་དང་ཡིད་འགུག་རང་བཞིན་སྔར་ལས་ཆེ་རུ་གཏོང་དགོས་པ་དང་། གནས་ལུགས་ཟབ་བཤད་དང་གནས་ལུགས་གསལ་འདོན། གནས་ལུགས་གསོན་ཉམས་ཅན་བཅས་སུ་བསྒྱུར་ཏེ། “མོས་མཐུན་ལྔ”མངོན་སུམ་གྱིས་ཆེ་རུ་གཏོང་དགོས། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ཡོང་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་དང་། སྡེ་ཚོགས་རྣམ་པའི་སློབ་གྲྭ་གཉེར་བར་བརྟེན་ནས། སློབ་གྲྭ་དང་གྲོང་ཁྱེར་དང་གྲོང་གསེབ། ས་ཁོངས་བཅས་བར་གྱི་ཧེ་བག་ཇེ་ཆུང་དུ་གཏོང་དགོས་ལ། དགེ་རྒན་གྲགས་ཅན་གྱི་ལས་སྒྲུབ་ཁང་གིས་རང་གི་སློབ་གྲྭ་དང་རང་གི་ས་ཁོངས་ཀྱི་སློབ་ཁྲིད་ཀྱི་སྤུས་ཚད་སྤྱི་ཡོངས་ནས་མཐོར་འདེགས་ཡོང་བར་སྐུལ་ཁྲིད་བྱེད་པ། སྤུས་ལེགས་སློབ་གྲྭའི་བཀོད་པ་གསར་པ་དམ་འཛིན་བྱེད་སར་བཟུང་ནས་འཕེལ་རྒྱས་ཀྱི་སྦས་ཤུགས་ལྡན་པའི་སློབ་གྲྭ་སྒྱུར་བཀོད་དང་དེར་རོགས་སྐྱོར་བྱེད་དགོས། རིགས་དབྱེ་ནས་མཐོ་རིམ་སློབ་གྲྭའི་ཁྱད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲུབ་ཆའི་བཀོད་པ་ཇེ་ལེགས་སུ་གཏོང་རྒྱུ་དེ་མཐོ་རིམ་སློབ་གསོའི་མ་ལག་བསྐྲུན་པའི་འཐབ་ཇུས་ཀྱི་གཙོ་གནད་དུ་བརྩིས་ནས། “སློབ་གྲྭ་གཅིག་ལ་ཐབས་ཇུས་གཅིག”གི་བྱེད་ཕྱོགས་ལ་སྐུལ་འདེད་གཏོང་བ་དང་། མཐོ་རིམ་སློབ་ཆེན་གྱིས་ཁྱབ་ཁོངས་མི་འདྲ་བ་དང་འགྲན་ལམ་མི་འདྲ་བའི་སྒོ་ནས་ལེགས་ཆ་དང་ཁྱད་ཆོས་འདོན་སྤེལ་བྱ་རྒྱུར་ཁྲིད་སྟོན་བྱེད་པ། “མཐོ་ས”དང“གནས་བཞིའི”འཛུགས་སྐྲུན་ལ་དམ་པོར་དམིགས་པ། མཉམ་འབྲེལ་ཚན་ཞིབ་མཁྲེགས་གཏོར་ལ་ཤུགས་སྣོན་པ་བཅས་བྱེད་དགོས། ལས་རིགས་རྩལ་ནུས་ཀྱི་འཇོན་མི་གསོ་སྐྱོང་བྱེད་པའི་མཐོ་ས་གསར་པ་བསྐྲུན་པ་དང་། ཕུལ་བྱུང་གི་འབྲིང་རིམ་ལས་རིགས་སློབ་གྲྭ་དང་སྤུས་ལེགས་ཆེད་ལས་ཁག་ཅིག་བསྐྲུན་པ། ལས་ཞུགས་ཁྲིད་སྟོན་དུ་བཟུང་ནས་ཐོན་སློབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་ལ་དམིགས་ནས་ལས་རིགས་ཀྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་སྟེང་ཞུགས་འདོད་ཆེན་པོ་ཡོད་པའི་ཚོགས་སྤྱི་ལ་དམིགས་འབེན་རང་བཞིན་ཡོད་པའི་སྒོ་ནས་ལས་རིགས་སློབ་གསོའམ་ཡང་ན་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་གསོའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་གཏོད་ཟབ་སྤེལ་གཏོང་བ་དང་། སློབ་གསོའི་གདེང་འཇོག་གི་བཀོད་འདོམས་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། བརྟན་ལ་གོ་རིམ་ལྡན་པའི་ངང་མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སློབ་གསོའི་གཞི་གྲངས་ཅན་གྱི་ནུས་པ་འདོན་རྒྱུར་སྐུལ་འདེད་ཟབ་མོ་གཏོང་བ་བཅས་བྱས་ནས། སློབ་གསོ་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་སྐྲུན་དགོས། དུས་རབས་གསར་པའི་ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་གསོ་སྐྱོང་དང་སྐྱེད་སྲིང་བྱས་ཏེ། དགེ་རྒན་གྱི་དཔུང་སྡེ་གསོ་སྦྱོང་གི“གནད་འཁེལ”དང“ཕན་འབྲས”ཐད་ཤུགས་སྣོན་དགོས་ལ། ཁ་གཏད་རོགས་སྐྱོར་གྱི་ལས་སྟེགས་ལ་བརྟེན་ནས“ཕྱིར་སྐྱོད”དང“ནང་འདྲེན”གྱི་ལས་དོན་ཡག་པོར་སྒྲུབ་དགོས། སློབ་གསོའི་རོགས་སྐྱོར་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། རང་རྟོགས་ངང“རང་བརྟེན”གྱི་འདུ་ཤེས་འཛུགས་པ། “རང་བརྟེན”གྱི་ཁོར་ཡུག་བསྐྲུན་པ། “ཟབ་ཞུགས་རྣམ་པ”ནས“ནང་འཇུག་རྣམ་པར”སྒྱུར་རྒྱུ་དང་། “གཞན་བརྟེན”ནས“རང་བརྟེན”དུ་སྒྱུར་ཐུབ་པ་བཅས་བྱེད་དགོས། སློབ་གསོའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་འགལ་རྐྱེན་ཅི་རིགས་ནུས་ཤུགས་ཡོད་རྒུས་སེལ་རྒྱུ་དང་དེར་དོགས་ཟོན་མཐོར་འདེགས་བྱས་ནས། སློབ་གྲྭའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་བརྟན་སྲུང་བྱས་ཏེ། སློབ་མའི་སེམས་ཁམས་གནད་དོན་དང་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་ལ་དོགས་ཟོན་བྱས་ནས། སློབ་གྲྭའི་སྒྲིག་ཆས་བདེ་འཇགས་དང་ཟས་རིགས་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས།
ཝུའུ་ཡན་གྱིས་སློབ་གསོ་པུའུ་ཏང་ཙུའུ་ཡི་ཚབ་བྱས་ཏེ། མཚོ་སྔོན་གྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སློབ་གསོ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པར་ཁས་ལེན་གང་ལེགས་བྱས། ཁོས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་དོན་སྙིང་གཙོ་བོར་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་ལེན་པ། “གཙོ་རྐང་གསུམ”ལ་དམ་པོར་དམིགས་པ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་ཁ་ཕྱོགས་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ། “གཏོགས་ཁོངས་ཆེན་པོ་གསུམ་དང་ཁྱད་ཆོས་ཆེན་པོ་དྲུག མ་ལག་ཆེན་པོ་བརྒྱད”བཅས་ལ་དམ་པོར་དམིགས་པ། སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཚན་རིག་དང་མཐུན་པའི་ནང་དོན་དང་གཞི་རྩའི་ཐབས་ལམ་ཁོང་དུ་ཡང་དག་པར་ཆུད་པ་བཅས་བྱེད་དགོས། “འབྲེལ་བ་ཆེན་པོ་ལྔར”དམིགས་ནས་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་རྒྱུ་དང་། “ལས་འགན་ཆེན་པོ་ལྔར”དམིགས་ནས་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གཙོ་རྒོལ་ཁ་ཕྱོགས་ཁོང་དུ་ཡང་དག་པར་ཆུད་པར་བྱེད་དགོས། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། དམིགས་འབེན་གཏན་འཁེལ་དང་མཁྲེགས་གཏོར་དཀའ་སེལ་བྱས་ནས། སློབ་གསོར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བ་དང་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་པ་དང་། བསམ་བློ་ཆབ་སྲིད་འཛུགས་སྐྲུན་བྱ་རྒྱུ་ཁྲིད་སྟོན་དུ་འཛིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་པའི་སློབ་གསོ་རྒྱུན་འཁྱོངས་བྱེད་པ། སློབ་གསོ་ཕྱོགས་བསྡུས་བཅོས་སྒྱུར་བྱ་རྒྱུ་ཤུགས་སྣོན་སར་བྱེད་པ། སློབ་གསོའི་ཞབས་ཞུའི་ས་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་འགན་ལེན་དུ་འཛིན་པ། མཚོ་སྔོན་གྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་རྒྱུན་མཐུད་ངང་གཅིག་སྡུད་བྱེད་པ། སློབ་གསོ་གཞི་གྲངས་ཅན་སྒུལ་ཤུགས་སུ་བྱེད་པ་བཅས་བྱས་ཏེ། མཚོ་སྔོན་གྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་ཁྱོན་ཡོངས་ནས་བསྐྲུན་དགོས། སློབ་གྲྭའི་བདེ་འཇགས་ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཏན་ཏིག་གིས་ཆེ་རུ་གཏོང་བ་དང་། ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། དག་ཐེར་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་པ། སྡེ་ཁག་གི་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གྲྭའི་ནང་ཁུལ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་སྲུང་བྱེད་པ། སློབ་གྲྭའི་མཐའ་འཁོར་གྱི་སྒྲིག་ལམ་ནན་སྲུང་བཅས་བྱས་ནས། སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་བདེ་འཇགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས། སློབ་གསོ་པུའུ་ཡིས་མཚོ་སྔོན་ཞིང་ཆེན་དང་མཉམ་དུ། པུའུ་དང་ཞིང་ཆེན་གྱི་འཐབ་ཇུས་མཉམ་ལས་ཟབ་སྤེལ་གཏོང་བ་དང་། དངོས་སྒྲུབ་དང་བྱེད་ཐབས་དངོས་འདོན་པ། ཕན་འབྲས་དངོས་ཐོན་པར་བྱེད་པ་བཅས་བྱས་ཏེ། མཚོ་སྔོན་དུ་སློབ་གསོར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་སྐྲུན་རོགས་བྱས་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་ཞིག་བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱེད་སྐབས། ས་གནས་དང་སྡེ་ཁག་སོ་སོས་སྔར་ལས་གནས་སྔར་ལས་མཐོ་བ་དང་སྔར་ལས་འགན་འཁྲི་འཁུར་ཕོད་པ། སྔར་ལས་ཏན་ཏིག་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་སློབ་གསོའི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། འགན་འཁྲིར་དམ་པོར་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་དང་ཕན་འབྲས་དངོས་ཐོན་པར་བྱས་ཏེ། ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་གསོ་སྐྱོང་བྱེད་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས། མི་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བའི་རང་རྟོགས་རང་བཞིན་དང་བརྟན་པོའི་རང་བཞིན་ཆེ་རུ་གཏོང་བ། སློབ་གསོས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི་ཟུང་འབྲེལ་བྱེད་ས་དང་ཤུགས་སྣོན་ས་ཡང་དག་པར་འཚོལ་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པར་བྱེད་རྒྱུ་དང་མི་དམངས་ཀྱི་རེ་ལྟོས་དང་མཐུན་པར་བྱེད་པ། ནུས་པའི་ངེས་གནས་མངོན་པ། མཚོ་སྔོན་གྱི་ཁྱད་ཆོས་མངོན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས། སློབ་གསོའི་ རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཆེད། མཚོ་སྔོན་གྱིས་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། དམིགས་འབེན་གྱི་ངེས་གནས་ལ་དམ་པོར་དམིགས་ཏེ་དོན་འཁྱོལ་དམ་འཛིན་དང་ཕན་འབྲས་དངོས་ཐོན་པར་བྱེད་པ་དང་། འཐབ་ཇུས་ཀྱི་དམིགས་འབེན་གཏན་འཁེལ་བྱེད་པ། འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། འཆར་འགོད་རྩ་གནད་ཀྱི་དམིགས་འབེན་སོ་སོར་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱ་རྒྱུར་ཤུགས་སྣོན་པ། རྩ་འཛུགས་ཀྱི་འགོ་ཁྲིད་དང་ཐོན་ཁུངས་འགན་ལེན་ཐད་ཤུགས་སྣོན་པ། སློབ་གསོའི་གྲོན་དངུལ་གྱི་དངུལ་གཏོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སློབ་གསོ་འཕེལ་རྒྱས་ཀྱི་ཁོར་ཡུག་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བ། སློབ་གསོའི་མྱུར་ཚད་དང་སྤུས་ཚད་མཐོར་འདེགས་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་གསོག་འཇོག་ཐོད་བརྒལ་དང་ཁྱོན་ཡོངས་ནས་མཆོང་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ་དོན་འཁྱོལ་དམ་འཛིན་དང་ཕན་འབྲས་དངོས་ཐོན་པར་བྱེད་པ་དང་། མ་ལག་གི་འདུ་ཤེས་ཇེ་དམ་དུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། ལྷུ་ཚིགས་སོ་སོ་དང་ཁྱབ་ཁོངས་སོ་སོ། ཕྱོགས་སོ་སོ་བཅས་ཀྱི་མི་སྣ་གསོ་སྐྱོང་གི་ཐོན་ཁུངས་དང་མི་སྣ་གསོ་སྐྱོང་གི་སྟོབས་ཤུགས་ལ་སྤྱི་འདོམས་བཅས་བྱས་ཏེ། “སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པ་ལ་མཚོ་སྔོན་གྱིས་ཇི་ལྟར་བསྒྲུབ་པ”དང“ཞིང་ཆེན་སྟོབས་ལྡན་དུ་གཏོང་བ་ལ་སློབ་གསོའི་ཐད་ཇི་ལྟར་བསྒྲུབ་དགོས”པའི་ཐད་རྒྱུགས་ལན་ཡག་པོ་བཏབ་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། སློབ་གསོར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་།
ཚོགས་ཐོག་ནས《སློབ་གསོའི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་གྱི2024ལོ་ནས2035ལོའི་བར་གྱི་འཆར་འགོད་རྩ་གནད་ཀྱི་བསམ་འཆར་བསྡུ་ལེན་འཆར་ཟིན》ལ་གྲོས་བསྡུར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་འཛུགས་སྐྲུན་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཟི་ལིང་གྲོང་ཁྱེར། མཚོ་ནུབ་ཁུལ། ཡུས་ཧྲུའུ་ཁུལ། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི། མཚོ་སྔོན་སློབ་ཆེན། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས། ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པ་སྤྱད་ནས་འཚོགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ཡོན་ལྷན་ཁང་བཅས་ནས་ཡན་ལག་ཚོགས་ར་བཙུགས།
རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།