ཉི་ཧོང་དུ་བོད་བརྒྱུད་ནང་བསྟན་ཐོག་མར་སྤེལ་མཁན་ཧི་ཁོའུ་ཧྥེ་ཧེ་ཡི་རྣམ་ཐར།
ར་ཡའི་རྭ་རྩེའམ་དཀོན་མཆོག་ནོར་བུས་བཏུས་ཏེ་བསྒྱུར།
ཧི་ཁོའུ་ཧྥེ་ཧེ་ནི་ཉི་ཧོང་གི་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་ཞིག་ཡིན་ལ། བོད་བརྒྱུད་ནང་བསྟན་དང་བོད་རིག་པའི་རྣམ་གཞག་མང་པོ་ཉི་ཧོང་དུ་སྤེལ་མཁན་གྱི་ཐོག་མ་ཡིན་ཞིང་། བོད་དང་འབྲེལ་བའི་ལྗགས་རྩོམ་མང་པོ་གནང་བའི་ཉི་ཧོང་གི་བོད་རིག་པ་ཞིབ་འཇུག་པ་ཞིག་ཡིན། ཁོང་ནི་ཕྱི་ལི་༡༨༦༦་ལོར་( ཏ་ཧྥན་གྲོང་ཁྱེར་ )དུ་སྐྱེས་ཤིང་མཚན་ལ་( ཏིང་ཚི་ལང་ )ཞེས་འབོད། ཆུང་དུས་ནས་རྒྱ་ནག་སྐད་དང་རུས་ལུགས་སོགས་བསླབས་པ་དང་ཨ་རིས་ཀྱི་དགེ་རྒན་( ཁི་ཨེར་པེ )ལས་དབྱིན་སྐད་སོགས་ཀྱང་བསླབས། དགོང་ལོ་ཉེར་གཉིས་པར་( ཏོང་ཅིན་མཚན་ཉིད་རིག་པ་ཁང་ )དུ་ཞུགས། དེ་ནས་མི་རིང་བར་དགྲ་བཅོམ་ལྔ་བརྒྱའི་དགོན་པར་རབ་ཏུ་བྱུང་ནས་མཚན་ལ་( ཧྥེ་ཧེ )ཞེས་གསོལ། ལོ་ཁ་ཤས་ཀྱི་མཚམས་ནས་མགོན་པ་དེའི་མཁན་པོ་གནང་མཛད་པ་དང་། ཆོས་ལུགས་སྤྱི་དང་ལྷག་པར་དུ་ལྷོ་བརྒྱུད་ནང་བསྟན་སོགས་ལ་ལེགས་པར་སྦྱང་། དེས་ནས་རིམ་གྱིས་ཞིབ་འཇུག་གཏིང་ཆེ་རུ་སོང་ནས་བོད་བརྒྱུད་ནང་བསྟན་ལ་ཡང་དོགས་སྣང་བྱེད་འགོ་བརྩམས། ཁ་ཤས་ཀྱིས་ཁོང་གི་དགེ་རྒན་( ནན་ཐེའོ་ཝན་ཤོང་ )ཞེས་ཉི་ཧོང་བཙུན་པ་ཆེན་པོ་དེས་“སངས་རྒྱས་ཀྱི་ཆོས་ཐོག་མར་དར་ས་རྒྱ་གར་ཡིན་ཡང་། དེར་སྔ་མ་ནས་གསུང་རབ་ཚད་ལྡན་མེད་པར་གྱུར་ཟིན་པ་དང་། ད་སྐབས་བོད་ཀྱི་ས་ཆར་སངས་རྒྱས་ཀྱི་གསུང་རབ་ལྷད་མ་ཞུགས་པ་ཡོད་ལ། དེ་ནི་དོན་དམ་པའི་སངས་རྒྱས་ཀྱི་གསུང་རབ་ཡིན། མ་གཞི་བརྡ་སྤྲོད་དང་སྐད་ཡིག་གང་གི་ཕྱོགས་ནས་ཀྱང་རྒྱ་གར་དང་ཤིན་ཏུ་མཐུན་པོ་ཡོད་པས། རྒྱ་བརྒྱུད་ནང་བསྟན་གྱི་གསུང་རབ་ལས་ཀྱང་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་དག་ཚད་དང་མཐུན་པ་ཡིན།”ཞེས་གསུངས་པས་ཧི་ཁོའུ་ཧྥེ་ཧེ་བོད་དུ་སངས་རྒྱས་ཀྱི་གསུང་རབ་འཚོལ་དུ་འགྲོ་རྒྱུར་སེམས་ཐག་ངང་གིས་ཆོད།
༡༨༩༧ལོའི་ཟླ་༦པ འི་ཚེས་༢༦ཉིན་གྲོགས་པོ་ཚོས་གནང་བའི་རི་རྒོར་༥༠༠ཙམ་ཁྱེར་ཏེ་གྲུར་ཞུགས་པས་ཟླ་བ་གཅིག་གི་མཚམས་ནས་གཟོད་དབྱིན་འོག་ཏུ་ཡོད་པའི་རྒྱ་གར་ཏེ། ད་སྐབས་རྒྱ་གར་ཤར་ཕྱོགས་བྷངྒ་ལའི་གྲོང་ཁྱེར་ལྟེ་བ་( ཇ་འར་ཀི་དར་ )འབྱོར། དེར་ཡོད་པའི་གྲོས་ཚོགས་ཁ་ཤས་བརྒྱུད་དེ་( དར་རྒྱས་གླིང་ )དུ་སོང་ནས་མིང་གྲགས་ཆེ་བའི་སྐུ་ཞབས་(དཱ་སི་) དང་མཇལ་ནས་ཧྥེ་ཧེ་ཁོང་བོད་ཡུལ་དུ་འགྲོ་བའི་འཆར་གཞི་ཡོད་པ་དང་དཱ་སི་ཁྱེད་ཀྱིས་རམ་འདེགས་བྱེད་པའི་རེ་བ་ཡོད་པ་སོགས་ཞུས། དཱ་སི་ཡིས་ད་ལྟ་བོད་ཡུལ་ནས་ཕྱི་མི་ནང་དུ་འཛུལ་བའི་བཀག་རྒྱ་བྱས་ཡོད་པས། སྐབས་འདིར་བོད་ཡུལ་དུ་སྐྱོད་པ་ནི་རང་ཉིད་ཀྱིས་རང་འཆི་ལམ་དུ་རྫོང་བ་དང་འདྲ་ལ། སྔར་ནས་ཀྱང་དེའི་གནས་ཚུལ་བྱུང་མྱོང་ཚུལ་དང་། རོགས་བྱེད་མཁན་ཧ་ཅང་དཀའ་བ་དང་དེ་དག་ལ་ཡང་དཀའ་ངལ་སྤྲད་སྲིད་པས། གནས་སྐབས་འཆར་གཞི་དེ་མེད་པར་བྱེད་རྒྱུ་བཟང་བ་སོགས་བོད་ཡུལ་དུ་སྐྱོད་པའི་ཉམས་མྱོང་སྐོར་རྒྱ་ཆེར་བཤད། འོན་ཀྱང་ཧྥེ་ཧེ་ཡིས་བལ་ཡུལ་ནི་བོད་དུ་འགྲོ་བའི་ས་མིག་ཆེས་བཟང་ཆོས་དེ་ཡིན་ཏེ། གཅིག་ནས་སྐབས་དེར་ད་དུང་འདི་ནས་བོད་དུ་སྐྱོད་རྒྱུར་ཚོད་ལྟ་བྱེད་མཁན་མེད་པས་ས་མཚམས་དེའི་མཐའ་སྲུང་སོ་ལྟ་ཁང་ཅུང་ཉུང་བས་འགག་སྒོ་སྒྲོལ་རྒྱུར་འགོག་རྐྱེན་ཉུང་བ་དང་། རྒྱུ་མཚན་གཞན་ཞིག་ནི་བལ་ཡུལ་ཡང་སྔོན་ཆད་སངས་རྒྱས་ཆོས་ལུགས་དར་ཡུལ་ཡིན་པས། ལམ་བར་ནས་དུས་རབས་རིམ་བྱུང་གི་སངས་རྒྱས་ཆོས་ལུགས་ཀྱི་རྗེས་ཤུལ་དང་། ལེགས་སྦྱར་གྱི་གནའ་བོའི་ཆོས་གཞུང་ཡང་མང་པོ་ཡོད་སྲིད་པས་ཐེངས་འདིར་བོད་ཡུལ་དུ་སྐྱོད་པའི་སེམས་ཐག་གཙང་ཆོད་ཡིན་པ་སོགས་ཀྱི་གསང་བའི་འཆར་གཞི་མང་པོ་དགེ་རྒན་དཱ་སི་ལ་བཤད། དེ་ནས་ཁོང་གིས་མི་གཞན་མགོ་སྐོར་བའི་ཕྱིར་རང་ཉིད་ཉི་ཧོང་དུ་ཕྱིར་ལོག་རྩིས་ཡོད་ཟེར་དེ་དངོས་སུ་( དར་རྒྱས་གླིང་)ནས་མེ་འཁོར་དུ་བསྡད་དེ་སླར་ཡང་( ཇ་འར་ཀི་དར་)དུ་ཕེབས། དེ་རྗེས་ཡང་གསང་བའི་ངང་དར་རྒྱས་གླིང་དུ་ཕྱིར་ལོག་བྱས་ནས་ལོ་ཕྱེད་(ཡང་ན་ལོ་གཅིག་དང་ཕྱེད་)ཙམ་ལ་དགེ་རྒན་དཱ་སི་དང་མཉམ་དུ་བོད་སྐད་ཡིག་སྐོར་སློབ་སྦྱོང་བྱས་ཏེ། མཐར་དཱ་སི་ལ་འབྲེལ་ལམ་བཞག་ཅིང་གྱེས་ཕྱག་ཕུལ་ནས་ཟླ་༡པོའི་ཚེས་༢༥ཉིན་བལ་ཡུལ་ནས་བརྒྱུད་དེ་རྐང་ཐང་དུ་ཕེབས། དེ་ནས་བལ་ཡུལ་གྱི་ཐི་ཁི་ལ་དང་ཨང་ནཱ་པོ་འར་ནཱ་རི་བོའི་བྱང་རྒྱབ་ནས་བསྐོར་ཏེ། མཐར་ཟླ་བ་༤པའི་ཚེས་༦ཙམ་བོད་ཀྱི་ས་མཚམས་དང་ཁད་ཉེ་བའི་མོ་སཱི་ཐང་ཚེ་རིང་གྲོང་ཚོ་ལ་འབྱོར། དེ་ནས་འབྲས་སྤུངས་ཀྱི་གྲྭ་ཤེས་རབ་རྒྱ་མཚོ་ཟེར་བ་ཞིག་དང་འཕྲད་ནས་བོད་ཀྱི་སྐད་ཡིག་ནང་ཆོས་སོགས་སྦྱང་ནས་ཟླ་བ་བཅུ་ཙམ་བསྡད།
༡༩༠༠ལོའི་ཟླ་བ་༣པའི་ཚེས་༡༠ ནས་རིམ་གྱིས་ཡར་ལུང་གཙང་པོའི་རུང་གཞུང་དེད་དེ་མཐར་ཟླ་བ་བཅུ་གཉིས་པའི་ཚེས་ལྔ་ལ་གཞིས་ཀ་རྩེར་ཐོན་ཏེ་ཞག་གསུམ་བཞུགས། དེས་ན་ས་སྐྱ་དང་སྣར་ཐར་གྱི་དཔར་ཁང་སོགས་ལ་ཉམས་ཞིབ་གནང་ནས་༡༩༠༡ ལོའི་ཟླ་བ་༣པའི་ཚེས་༢༡ ཉིན་དཀའ་ངར་བརྒྱ་ཕྲག་བརྒལ་ནས་ལྷ་ལྡན་དུ་འབྱོར། དེ་ནས་ཁོང་བོད་ཀྱི་ནུབ་བརྒྱུད་ཀྱི་གྲྭ་པ་( ཁ་ཤས་ཀྱི་རྒྱ་ནག་གི་གྲྭ་པ་ཞེས་ཟེར་ )ཞིག་ཡིན་པར་རྫུན་བཤད་པས་སེ་ར་དགོན་པར་ཞུགས་ཐུབ་པ་བྱུང་ཞིང་། བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་ཆེས་ཆེར་གནང་། ཉིན་ཞིག་ནད་པ་ཞིག་དང་འཕྲད་ནས་བཅོས་ཐབས་བྱས་པའི་རྐྱེན་བྱས་ནས་རིམ་གྱིས་སྨན་སྟོན་མཁན་མང་དུ་བྱུང་ཞིང་མཐར་“སེ་ར་དགོན་པའི་སྨན་པ་”ཞེས་གྲགས། ནོར་བུ་གླིང་ནས་རྒྱལ་དབང་བཅུ་གསུམ་པ་དང་མཇལ་ནས་སྨན་ཞབས་བྱས། གོ་སྐབས་དེ་དག་དང་བསྟུན་ནས་ནང་བསྟན་དང་ལེགས་སྦྱར་དཔེའི་གསུང་རབ་ཡང་ཡང་འཚོལ་ཞིབ་གནང་། སྟབས་མ་ལེགས་པར་བལ་པོ་སོགས་ནས་ངོ་ཤེས་པའི་མི་དང་འཕྲད་ནས་ཉི་ཧོང་གི་གྲྭ་པ་ཞིག་ཡིན་པའི་གསང་བ་ཤོར་བས། ༡༩༠༢ལོའི་ཟླ་༥པའི་ཚེས་༢༩ཉིན་རྟ་རྒྱབ་གཉིས་ལ་སངས་རྒྱས་ཀྱི་གསུང་རབ་དང་ལྷ་སྐུ། ཐང་ག་སོགས་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ཅ་དངོས་ཅི་རིགས་ཁྱེར་ཏེ་བོད་མི་ཞིག་གི་སྣེ་ཁྲིད་བྱས་ནས་བྲོས་བྱོར་བྱས། ཟླ་བ་བདུན་པར་དར་རྒྱས་གླིང་དུ་འབྱོར་ནས་དཱ་སི་དང་འཕྲད། དེ་ནས་༡༩༠༣ལོ་ཟླ་བ་༤པའི་ཚེས་༢༤ལ་ཕྱིར་ཉི་ཧོང་དུ་ལོག་པས་མི་དམངས་མང་པོས་དགའ་བསུ་ཐོབ།
རང་རྒྱལ་དུ་ལོག་ཟིན་རྗེས་ད་དུང་ཡིད་མ་ཚིམ་པར་སླར་ཡང་བོད་དུ་འགྲོ་ནས་བོད་དཔེ་དང་ལེགས་སྦྱར་གྱི་དཔེའི་བཀའ་བསྟན་འགྱུར་ནང་འདྲེན་བྱེད་པའི་འཆར་གཞི་བཀོད། མིང་གྲགས་ཅུང་ཐོབ་པའི་རྐྱེན་གྱིས་སྔར་དང་མི་འདྲ་བར་སྟ་གོན་གྱི་ཅ་དངོས་དང་། ཉི་ཧོང་དང་རྒྱ་ཡིག་གི་བཀའ་བསྟན་འགྱུར་དང་ལེགས་རྒྱལ་དང་བོད་དཔེ་ཕན་ཚུན་བརྗེ་བའི་འཆར་གཞི་གནང་ནས་དེ་དག་རྩོལ་སྒྲུབ་བྱེད་པ་ལ་དཀའ་ངལ་ཆེར་མ་བྱུང་། དེ་ནས་ཕྱི་ལོ་༡༩༠༤ལོའི་ཟླ་བ་༡༠པའི་ཚེས་༡༡ ལ་(ཧྲིང་ཧོས་)ནས་བལ་ཡུལ་གྱི་ཕྱོགས་སུ་ཕེབས། བལ་ཡུལ་གྱི་ཡུལ་གྲུ་ཕྱོགས་སོ་སོ་ནས་རྒྱ་དཔེའི་བཀའ་བསྟན་འགྱུར་ཆ་ཚང་ཅན་ཡོད་མེད་བཙལ་ནས་ཟླ་བ་དུ་མའི་རྗེས་མཐའ་མཇུག་རྒྱ་དཔེའི་བཀའ་བསྟན་འགྱུར་ཆ་ཚང་ཅན་ཞིག་དང་འཕྲད་ནས། དེ་རྒྱ་ནག་གི་དཔེ་དེ་དང་བརྗེས་ཏེ། དེ་དང་ནང་པའི་གཞུང་ཚད་ལྡན་འགའ་དང་ལྷན་དུ་ཕྱིར་ཉི་ཧོང་ཏོང་ཅིན་སློབ་ཆེན་དུ་བསྐུར། རྒྱག་ནག་དཔར་མའི་བཀའ་བསྟན་འགྱུར་དེ་ཡང་དེང་སང་བལ་ཡུལ་རྒྱལ་འཛུགས་དཔེ་མཛོད་ཁང་དུ་ཡོད།
རྒྱ་བལ་དུ་བཞུགས་པའི་སྐབས་ཀྱང་སྔར་ལྟར་བཙན་ཤེད་དང་ཐད་ཀར་བོད་ཡུལ་དུ་སྐྱོད་པའི་ཐབས་ལམ་དོར་ཏེ་ཕལ་ཆེར་ཉིན་ལྟར་བོད་ཡུལ་དུ་སྐྱོད་པའི་གོ་སྐབས་ངང་སྒུག་གནང་ནས་ལོ་བཅུ་ལ་རྒྱ་གར་དང་བལ་ཡུལ་དུ་བཞུགས། གཞན་ཡང་དེའི་རིང་ལ་ནང་ཆོས་ཞིབ་འཇུག་དང་། སངས་རྒྱས་ཀྱི་གསུང་ཚད་ལྡན་དག་ཡིག་བསྒྱུར་གནང་བ། གཞན་ཡང་རྒྱལ་བལ་གྱི་གནས་ཤུལ་ཁག་ལ་ཞིབ་འཇུག་སོགས་ཅི་རིགས་གནང་།
སྟབས་ལེགས་པ་ཞིག་ལ་ལོ་བཅུ་ཡི་མཚམས་ནས་བོད་ཀྱི་མཐོ་རིམ་གྲོས་ཚོགས་ནས་བོད་དུ་ཡོང་ཆོག་པའི་གནང་བ་ཐོབ་སྟེ། བོད་ཀྱི་སྣེ་ཁྲིད་པ་འགའ་དང་འགྲོགས་ནས་༡༩༡༤ལོའི་ཟླ་བ་༡པོར་བོད་དུ་ཕེབས། དགོངས་གནང་གི་ཡིག་ཆ་ཡོད་པའི་རྐྱེན་གྱིས་སྔར་དང་འདྲ་བར་བརྫུས་མི་དགོས་པར་སྟབས་བདེ་བར་གྱུར། ཟླ་བ་༡པོའི་ཚེས་༢༡ལ་གཞིས་ཀ་རྩེར་འབྱོར་ནས་མ་ཎི་དགོན་པར་བཞུགས། དེ་ནས་ཟླ་བ་༥པར་གཞི་ནས་ཅ་དངོས་གཞན་དག་འབྱོར་ཏེ། པཎ་ཆེན་རིན་པོ་ཆེ་དང་མཇམ་ནས་ཉི་ཧོང་ནས་བསྣམས་པའི་ཉིང་ཧོང་དང་རྒྱ་ནག་དཔར་མའི་བཀའ་བསྟན་འགྱུར་ཕུལ་བས་རང་ཉིད་ལ་ཡང་སྣར་ཐང་དཔར་མའི་བོད་དཔེའི་བཀའ་བསྟན་འགྱུར་ཆ་ཚང་བ་ཞིག་ཐོབ། དེ་ནས་༡༩༡༤-༩-༢༩ ཉིན་ལ་ནོར་བུ་གླིང་ནས་རྒྱལ་དབང་བཅུ་གསུམ་པ་དང་མཇལ་ཏེ་ཉི་ཧོང་ནས་ཁྱེར་བའི་ཇ་སྣོད་དང་། ཤིང་བརྐོས་མི་བརྙན་སོགས་སྣ་ཚོགས་ཕུལ་ནས། ཧི་ཁོའུ་ཧྥེ་ཧེ་ཁོང་བོད་དུ་ཡོང་བའི་ཆེས་གལ་ཆེ་བའི་དམིགས་ཡུལ་རྒྱ་དཔེའི་བཀའ་བསྟན་འཚོལ་ཞིབ་བྱེད་དུ་ཕེབས་པས་མཁོ་སྤྲོད་གནང་བར་ཞུས་ཀྱང་དེ་སྐབས་ཁས་མ་བླངས། རྗེས་༡༩༡༥ལོར་རྒྱལ་དབང་བཅུ་གསུམ་པས་རྒྱལ་རྩེ་མཆོད་རྟེན་དུ་ཡོད་པའི་བོད་དཔེའི་དཔར་མ་བཀའ་བསྟན་ཆ་ཚང་ཞིག་གནང་། དེ་ནས་རང་རྒྱལ་དུ་ཕྱིར་ལོག་པའི་སྟ་གོན་བྱས་ནས་གཞིས་ཀ་རྩེར་ཕེབས། གཞིས་རྩེའི་ཤར་ངོས་ལེ་བར་བཅུ་ལྷག་ཙམ་ཡོད་པའི་ཞ་ལུ་དགོན་ནས་ལེགས་སྦྱར་གྱི་ཡི་གེ་ཁག་༣༩རྙེད་ནས་འཕྲལ་དུ་དཀར་ཆག་བཟོས། དེ་བཞིན་ཞ་ལུ་དགོན་པའི་མཁན་པོས་ཏ་ལའི་ལོ་མའི་སྟེང་བྲིས་པའི་རྒྱ་དཔེ་མདོ་སྡེ་པདྨ་དཀར་པོ་དང་། གཞན་རྒྱ་དཔེ་ཁ་ཤས་གནང་། དེ་ནས་རེ་ཞིག་འདོད་དོན་གྲུབ་ནས་ཟླ་བ་༤ པའི་ཚེས་༡༨གཞིས་རྩེ་ནས་སྔར་ཕྱི་ལོག་བྱས་པའི་ལམ་ལྟར་གམ་པ་རྫོང་སོགས་བརྒྱུད་ནས་དར་རྒྱས་གླིང་དུ་འབྱོར། རིམ་གྱིས་ཟླ་བ་༩པའི་ཚེས་༤ལ་ཉི་ཧོང་ངམ་འཇའ་པན་རྒྱལ་ཁབ་ཏུ་ཐོན། རེ་ཞིག་ཁོང་བོད་ཡུལ་ཐེངས་གཉིས་པར་ཕེབས་པའི་འཆར་གཞི་ཡོད་ཚད་ཕུན་སུམ་ཚོགས་པར་གྲུབ་བོ། །
ཉི་ཧོང་དུ་ཕྱིར་ལོག་བྱས་རྗེས་ཧྥེ་ཧེ་ཡིས་ལེགས་རྒྱལ་དང་བོད་ཡིག་གི་གསུང་རབ་ལེགས་སྒྲིག་དང་ཡིག་སྒྱུར་བྱ་རྒྱུར་གཞོལ་བ་དང་འབྲེལ་ཞིབ་འཇུག་སློབ་མ་བསྡུས་ནས་བོད་ཡིག་བསླབས། ༡༩༢༦ལོར་དགུང་ལོ་༦༡ ལ་སོན་སྐབས་ཁོང་གིས་སྐྱ་སར་འབབ་པའི་ཁྱབ་བསྒྲགས་བྱས། ༡༩༤༥ལོའི་ཟླ་༢པའི་ཚེས་༢༤ཉིན་ཏེ་དགུང་ལོ་༨༠ སྟེང་ཀླད་ཁྲག་འདྲེས་པའི་ནད་བྱུང་ནས་ཏོང་ཅིན་དུ་འདས་སོ། །
ཧི་ཁོའུ་ཧྥེ་ཧེ་ནི་ལོ་རྒྱུས་ཐོག་ལྷ་སར་བསྐྱོད་པའི་ཉི་ཧོང་བ་དང་པོ་དེ་ཡིན་པ་དང་དུས་དེ་ནས་བཟུང་ཉི་ཧོང་གིས་བོད་དང་འབྲེལ་གཏུག་བྱེད་འགོ་ཚུགས། ཧྥེ་ཧེ་བོད་དུ་ཐེངས་གཉིས་བསྐྱོད་པའི་དམིགས་ཡུལ་གཙོ་བོ་ནང་བསྟན་གྱི་གཞུང་བསྡུ་རུབ་བྱ་ཆེད་ཡིན་པ་ལྟར་ཁོང་གིས་རང་གི་དམིགས་ཡུལ་དེ་ལེགས་གྲུབ་བྱུང་ཡོད་ལ། ཁོང་གིས་ཉི་ཧོང་དུ་བོད་རིག་པ་ཞིབ་འཇུག་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་དང་ཁོང་ནི་ཉི་ཧོང་གི་བོད་རིག་པ་ཞིབ་འཇུག་པའི་ཐོག་མའི་གྲལ་དུ་ཡོད། དེའི་ཕྱིར་ཁོང་གི་བྱས་རྗེས་ཀྱི་གཙོ་བོ་གཤམ་གསལ་ལྟར་འགའ་ཡོད་པ་སྟེ། གཅིག ཁོང་ཐེངས་དང་པོར་བོད་དུ་ཕེབས་ཤིང་ཕྱིར་ལོག་བྱས་རྗེས་༡༩༠༤ལོར་རང་ཉིད་བོད་དུ་བསྐྱོད་པའི་ལོ་རྒྱུས་ཏེ་(བོད་ཀྱི་ཡུལ་སྐོར་ཟིན་ཐོ།) ཞེས་པའི་དེབ་ཅིག་བྲིས་ནས་ཡོངས་བསྒྲགས་ངང་དཔར་སྐྲུན་བྱས་པ་དང་། ༡༩༠༩ ལོར་ཁོང་གིས་དེབ་དེར“Three Years in Tibet”(བོད་དུ་ལོ་གསུམ་)ཞེས་བྲིས་ནས་རྒྱ་གར་དང་དབྱིན་ཇིའི་ཕྱོགས་སུ་དབྱིན་བསྒྱུར་དཔར་བསྐྲུན་བྱས་པས་ཀློག་པ་པོ་སྔར་ལས་མང་བར་གྱུར་ནས་མི་མང་པོར་བོད་ལ་དོགས་སྣང་བྱུང་བ་མ་ཟད་ཁོང་གི་མཚན་སྙན་ཆེ་རུ་སོང་། (བོད་ཀྱི་ཡུལ་སྐོར་ཟིན་ཐོ་ )ཞེས་པའི་ནང་ལོ་ངོ་བརྒྱ་ཡི་གོང་གི་མཐོ་སྒང་བོད་ཀྱི་རང་བྱུང་ཁོར་ཡུག་དང་། ཡུལ་སྲོལ་གོམས་གཤིས། ལྷ་སྒྲུང་། དེ་བཞིན་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་ཚུལ་བཅས་མང་པོ་བཀོད་ཡོད་པ་དང་། ཚད་ངེས་ཅན་ཞིག་གི་ཐོག་ནས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་དང་རང་བྱུང་ཁོར་ཡུག་གི་རྣམ་པ་བསྟན་ཡོད། ད་ལྟའི་བར་དེབ་འདིས་མི་རིགས་རིག་པ་དང་ལོ་རྒྱུས་རིག་པ་སོགས་ཀྱི་རིག་ཚན་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད།
གཉིས། བོད་དུ་ཡུལ་སྐོར་བྱེད་པའི་བརྒྱུད་རིམ་ནང་ལེགས་སྦྱར་དང་བོད་ཡིག་གི་ནང་བསྟན་གྱི་གཞུང་འབོར་ཆེན་བསྡུ་རུབ་བྱས་ཤིང་། ལེགས་སྦྱར་དང་བོད་ཡིག་གི་བཀའ་བསྟན་འགྱུར། དེ་བཞིན་བོད་ཡིག་གི་ཚད་ལྡན་ཡིག་ཆ་ཤིན་ཏུ་མང་པོ་བསྡུས་པ་སོགས་ནི། ད་ལྟ་ཡང་ཉི་ཧོང་གི་ཏུང་དབྱང་ཡིག་མཛོད་དང་། ཏོང་ཅིན་སློབ་ཆེན། ཏ་ཀྲེང་སློབ་ཆེན། ཏོང་བེའུ་སློབ་ཆེན་སོགས་ཀྱི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད། (ཧི་ཁོའུ་ཧྥེ་ཧེ་ཡིས་བོད་ནས་ཁྱེར་བའི་ཅ་དངོས་དཔེ་རིས་)ནང་ངོ་སྤྲོད་བྱས་པར་གཞིགས་ན། ཉི་ཧོང་ཏོང་བེའུ་སློབ་ཆེན་རྩོམ་རིག་ཁང་དང་ཉི་ཧོང་མཛེས་རྩལ་ལོ་རྒྱུ་ཞིབ་འཇུག་ཁང་དུ་ད་ལྟ་ཡང་ཧྥེ་ཧེ་ཡིས་ཁྱེར་བའི་སྐུ་འདྲ་༡༤༤ དང་། ཐང་ཁ་༢༦༡། གསུང་རབ་ཤིན་ཏུ་མང་པོ་དང་། མཆོད་ཆའི་སྐོར་༣༨༥། སྲོག་ཆགས་དང་རྩི་ཤིང་གི་དཔེ་༡༢༥། གཏེར་རྫས་ཀྱི་དཔེ་༡༣༠བཅས་ཉར་ཚགས་བྱས་ཡོད་པ་དང་། ཧྥེ་ཧེ་ཁོང་སྒེར་གྱི་ཁྱིམ་དུ་ཉར་ཚགས་བྱས་པ་ལ་སྐུ་འདྲ་༢༠དང་། ཏོང་ཅིན་རྒྱལ་འཛུགས་ཚན་རིག་རྟེན་རྫས་བཤམ་སྟོན་ཁང་དུ་བོད་ནས་ཁྱེར་བའི་ཅ་དངོས་༡༠༠༠ཙམ་ཉར་ཚགས་བྱས་ཡོད། དེ་དག་ཡོད་ཚད་ཉི་ཧོང་གི་བོད་རིག་པ་ཞིབ་འཇུག་བྱེད་པའི་གལ་ཆེའི་དཔྱད་གཞིའི་ཡིག་ཆ་རུ་གྱུར་ཡོད།
གསུམ། ཧྥེ་ཧེ་ཁོང་ཉི་ཧོང་དུ་ཕྱིར་ལོག་རྗེས་ཆོས་གཞུང་སྤྱི་དང་ལྷག་པར་དུ་བོད་ཡིག་གི་ཆོས་གཞུང་ཡིག་བསྒྱུར་དང་ཞིབ་འཇུག་བྱེད་པའི་འགོ་ཚུགས་པ་སོགས་བྱས་རྗེས་གལ་ཆེན་རེ་བཞག་ཡོད། གཞན་ཡང་ཧི་ཁོའུ་ཧྥེ་ཧེ་ཡིས་མི་ཚེ་གང་བོར་བྲིས་པའི་དེབ་༤༡ཡོད་པ་དང་། ཁུངས་འཚོལ་རང་བཞིན་གྱི་དཔྱད་རྩོམ་༨༠། ཚགས་པར་དང་དུས་དེབ་སྟེང་བཀོད་པའི་རྩོམ་ཡིག་༣༦། གཞན་པའི་རྩོམ་ཡིག་༡༦ཡོད་པ་བཅས་ནི་བརྩམས་ཆོས་ཀྱི་ཕྱོགས་སུ་བཞག་པའི་རླབས་ཆེན་གྱི་བྱས་རྗེས་ཞིག་གོ །
བཞི། བོད་ཡིག་གི་གཞུང་གྲགས་ཅན་ཡིག་སྒྱུར་བྱེད་པར་བོད་ཡིག་ཤེས་མཁན་འབོར་ཆེན་དགོས་པས། བོད་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་དང་། ཁོང་གིས་ཉི་ཧོང་གི་སློབ་ཆེན་ནང་དུ་བོད་བརྒྱུད་ནང་བསྟན་དང་བོད་སྐད་སློབ་ཚན་ཁྲིད་ཅིང་། ༡༩༢༦ལོར་ཏ་ཀྲེང་སློབ་ཆེན་གྱི་བོད་ཡིག་ཆེད་ལས་ཀྱི་དགེ་རྒན་ཆེ་མོ་གནང་བ་དང་འབྲེལ་(བོད་ཀྱི་སྐད་ཡིག་སློབ་དེབ་)སོགས་དཔར་སྐྲུན་རྒྱ་ཆེར་གནང་བའོ། །
རྩོམ་ཁུངས། ཁོང་གི་རྣམ་ཐར་གྱི་རྩོམ་ཡིག་མང་པོ་ཕྱོགས་གཅིག་ཏུ་བཏུས་པའི་ཁུལ་བགྱིས་པ་དང་བར་སྐབས་སུ་ཉེ་བར་མི་མཁོ་བ་ཁ་ཤས་དོར་བའི་ལུགས་སུ་བྱས་པའོ། །༢༠༢༤-༡༡-༡༤ཉིན།