རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་བས་ལས། །
དགོངས་པའི་ཀློང་ནས་སྤོབས་པའི་གཏེར་བརྒྱད་གྲོལ། །
ལུང་རྟོགས་ཆོས་མཛོད་རྒྱ་མཚོའི་མངའ་བདག་མཆོག །
ཨ་ཛི་ཏ་བི་ཛ་ཡ་ལ་གསོལ་བ་འདེབས། །
དེ་རིང་སྟེ་བོད་ཟླ་བཅུ་པའི་ཚེས་ལྔ་ནི། སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ། ྋཀུན་མཁྱེན་མི་ཕམ་སྐུ་འཁྲུངས་པའི་དུས་ཆེན་ཁྱད་པར་ཅན་ཡིན་པས། ཀུན་གྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་པ་དང་། ཁྱད་པར་དུ་རྗེས་འཇུག་ཀུན་གྱིས། བསྟན་པ་འཛིན་ཚུལ་གྱི་རྣམ་ཐར་གཙང་མ་ལ་སློབ་པ་ཤིན་ཏུ་གལ་ཆེ་བའི་གནས་སོ། །
མི་ཕམ་མགོན་པོའི་དགོངས་དོན་མངོན་སུམ་རྟོགས།།
འཇམ་དཔལ་དབྱངས་བཞིན་ཤེས་བྱ་ཀུན་ལ་མཁས།།
ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་གྲགས་པ་ལྟར།།
སྙན་པས་རྒྱ་མཚོའི་གོས་ཅན་ཁྱབ་གྱུར་ཅིག།།
འདུས་སྡེའི་བཅའ་ཁྲིམས་རང་དོན་མཛེས་རྒྱན་ཡིན། །
བཤེས་གཉེན་བསྟེན་པ་ལམ་གྱི་རྩ་བར་བསྔགས། །
ཡོན་ཏན་སློབ་པ་རང་ཉིད་ཕུན་ཚོགས་རྒྱུ། །
དེ་གསུམ་དང་དུ་བླང་ན་བདེ་ལེགས་འཕེལ། །
སྨྲ་བའི་སེང་གེའི་མཁྱེན་རབ་སྙིང་ལ་ཤར། །
ཀུན་ཏུ་བཟང་པོའི་སྨོན་ལམ་རྣམ་པར་སྦྱངས། །
སྲས་བཅས་རྒྱལ་བའི་ཕྲིན་ལས་འཛིན་མཛད་པ། །
འཆི་མེད་པདྨའི་ཚལ་ན་རྐང་དྲུག་ཚོགས། །
པདྨའི་གེ་སར་བདུད་རྩིའི་བཅུད་མྱོང་བས། །
མཆོག་གི་དཔྱིད་གྲུབ་བདེ་བའི་གླུ་དབྱངས་སྒྲོགས། །
ཕྱོགས་ལས་རྣམ་རྒྱལ་མཁའ་ལ་ལྡིང་གྱུར་ཅིག །