མཚན་བརྒྱ་ཕྱག་གསུམ་གྱི་ཆོ་ག་བསྡུས་པ་བདེ་ཆེན་ཞིང་དུ་བགྲོད་པའི་མྱུར་ལམ།
བླ་མ་དང་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།།
མཚན་བརྒྱ་ཕྱག་གསུམ་གྱི་ཆོ་ག་ལ་གཉིས་ཏེ། དང་པོ་སངས་རྒྱས་འོད་དཔག་མེད་པའི་མཚན་བརྒྱ་རྩ་བརྒྱད་བརྗོད་པའི་འདོན་དམིགས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྒོམ་བཟླས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ཨེ་མ་ཧོ། རང་སྣང་རྣམ་དག་བདེ་བ་ཅན་གྱི་ཞིང་། །ཕུལ་བྱུང་བཀོད་པས་མངོན་པར་མཛེས་པའི་མཁར། །པད་ཟླའི་སྟེང་དུ་འདྲེན་པ་འོད་དཔག་མེད། །མཚན་དཔེའི་དཔལ་འབར་སྤྲུལ་སྐུའི་ཆ་ལུགས་ཅན། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་ལྷུང་བཟེད་བསྣམས། །གཡས་གཡོན་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །སངས་རྒྱས་བྱང་སེམས་དགྲ་བཅོམ་དཔག་མེད་བསྐོར། །དད་པའི་ཡིད་མཁར་མངོན་སུམ་གསལ་བར་གྱུར། །དེ་ལྟར་གསལ་བཏབ་ནས་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་དད་པ་དང་། བདེ་བ་ཅན་གྱི་ཞིང་དུ་སྐྱེ་འདོད་ཀྱི་འདུན་པ་དང་མ་བྲལ་བའི་སྒོ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། མ་མཐའ་བརྒྱ་རྩ་བརྒྱད་བཟླ། མཇུག་ཏུ། སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ལན་གསུམསངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །བདག་གིས་བླ་མེད་བྱང་ཆུབ་སེམས་བསྐྱེད་ནས། །དགེ་རྩ་མཐའ་དག་བདེ་ཆེན་ཞིང་མཆོག་ཏུ། །སྐྱེ་ཕྱིར་བསྔོ་ན་འགྲུབ་པར་བྱིན་གྱིས་རློབས། །གཉིས་པ་མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་བའི་འདོན་དམིགས། ནུབ་མོ་ཉལ་ཁར། རྩ་བའི་བླ་མ་དང་དབྱེར་མ་མཆིས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་རང་གི་མདུན་གྱི་ནམ་མཁར་བཞུགས་ཡོད་སྙམ་བཞིན་དད་པ་རྩེ་གཅིག་པའི་སྒོ་ནས། ཕྱག་གཅིག་འཚལ་ན་འབུམ་དུ་འགྱུར་བའི་སྔགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲི་ཡེ། ན་མཿ སུ་ཤྲི་ཡེཿ ན་མ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ། ལན་གསུམ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་པ་འདོན་བཞིན་ལུས་མ་ལྔ་ས་ལ་ཕབ་པའི་ཕྱག་གསུམ་འཚལ། མཇུག་ཏུ། སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །བདག་གིས་བླ་མེད་བྱང་ཆུབ་སེམས་བསྐྱེད་ནས། །དགེ་རྩ་མཐའ་དག་བདེ་ཆེན་ཞིང་མཆོག་ཏུ། །སྐྱེ་ཕྱིར་བསྔོ་ན་འགྲུབ་པར་བྱིན་གྱིས་རློབས། །
ཞེས་པ་འདི་ནི་མཚན་བརྒྱ་ཕྱག་གསུམ་ཁས་ལེན་བྱེད་མཁན་རྣམས་ཀྱི་བཞེད་སྐོང་དུ་འབྲེལ་ཚད་བདེ་ཆེན་ཞིང་དུ་འདྲེན་པའི་དེད་དཔོན་ཆེན་པོ་ཆོས་རྗེ་དམ་པ་༧ འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་སློབ་འབངས་སུ་གཏོགས་པ་མགོ་ལོག་པ་རིག་དར་གྱིས་ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་བདེ་སྨོན་བསྡུས་པ་སོགས་བཀླག་ཆོག་ཏུ་བོད་ཤིང་འབྲུག་ལོའི་བོད་ཟླ་དགུ་པ་ལྷ་བབ་ཟླ་བའི་ཚེས་ཉེར་བརྒྱད་ལ་བཀོད་པའོ། །