གསོལ་འདེབས་དད་པའི་མཛེས་རྒྱན། སྒྲ་ཡིག མཁན་ཆེན་འཆི་མེད་རིག་འཛིན།

文化   音乐   2024-12-11 08:30   青海  

མཁན་ཆེན་དམ་པ་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསོལ་འདེབས་དད་པའི་མཛེས་རྒྱན།

མཁན་ཆེན་འཆི་མེད་རིག་འཛིན་གྱིས་མཛད།

ཆོས་དབྱངས་གསར་པ།

མདོ་སྔགས་ཆོས་ཀྱི་ཆུ་བོ་མ་ལུས་པ།།
མཁྱེན་པའི་རྒྱ་མཚོ་གཅིག་ཏུ་འཁྱིལ་བ་ཡི།།
འཇམ་དཔལ་དབྱངས་དངོས་མི་ཕམ་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས།།

མགོན་དེའི་ཐུགས་ཀའི་དམར་སེར་དྷཱི་ཡིག་གི།
འཕྲིན་ལས་འོད་ཟེར་གདུལ་བྱའི་དཔལ་དུ་ཤར།།
འབྲེལ་ཚད་དོན་ལྡན་ཡིད་བཞིན་ནོར་བུ་ཡི།།
བྱིན་རླབས་འོད་ཀྱིས་ཚེ་རབས་ཀུན་ཏུ་སྐྱོངས།།

རྣམ་དག་ཚུ༷ལ་ཁྲི༷མས་དཔག་བསམ་ལྗོན་པ་ལ།།
ཐོས་བསམ་སྒོམ་པའི་བློ༷་གྲོ༷ས་ཡལ་འདབ་རྒྱས།།
གངས་ལྗོངས་འཆི་མེད་ལྷ་ཡི་སྐྱེད་ཚལ་གྱི།།
ལྟོས་བཅས་འགྲོ་བའི་མགོན་དེར་གསོལ་བ་འདེབས།།

ཡོན་ཏན་ལང་ཚོ་གཞན་དང་མི་མཉམ་པའི།།
ཐུགས་བསྐྱེད་དུས་བབས་པདྨ་དཀར་པོ་ཁྱེད།།
མདོ་ཁམས་ཏྲེ་ཤོད་འཛིན་མའི་བསོད་ནམས་ཀྱིས།།
ཐུབ་བསྟན་སྨན་ལྗོངས་མཛེས་པའི་རྒྱན་དུ་འཁྲུངས།།

གསང་ཆེན་དབེན་པའི་རི་ངོགས་ཉམས་དགའ་བར།།
སྐྱབས་མཆོག་བླ་མ་འཇམ་པའི་རྡོ་རྗེའི་ཞབས།།
མཉེས་པ་གསུམ་གྱིས་བསྟེན་ནས་ཐུགས་དགོངས་ལོན།།
ཤེས་བྱའི་ཆོས་ལ་རྨོངས་པ་མཐའ་ནས་སངས།།

མགོན་དེའི་སྒྲིབ་མེད་མཁྱེན་པའི་ཡེ་ཤེས་ཀྱིས།།
འབྱུང་འགྱུར་བསྟན་འགྲོའི་དཔལ་དུ་ཡོངས་གཟིགས་ནས།།
སྔ་འགྱུར་བསྟན་པའི་བདག་པོ་བསམ་ཡས་པ།།
ཚུལ་ཁྲིམས་བློ་གྲོས་མཆོག་གི་མཚན་དེ་གསོལ།།

གངས་དཀར་རི་བོས་བསྐོར་བའི་རྒྱལ་ཁམས་ནས།།
བསླབ་གསུམ་ཡོན་ཏན་ཡོངས་སུ་རྫོགས་པ་ལས།།
འཕྲིན་ལས་དྲི་བསུང་གོ་ལའི་འགྲོས་དང་འབྲེལ།།
ཤར་ནུབ་རྒྱ་མཚོ་ཆེན་པོའི་མཐའ་ལས་བརྒལ།།

ངུར་སྨྲིག་རྒྱན་གྱིས་མཛེས་པའི་ཀུན་སྤྱོད་དག།
བསྟན་དང་འགྲོ་ལ་ཕན་པའི་ལྷག་བསམ་གཙང་།།
མདོ་སྔགས་ཤེས་བྱ་རིག་པའི་གནས་ལ་དབང་།།
ཐར་བའི་ལམ་སྟོན་མཆོག་དེར་གསོལ་བ་འདེབས།།

འཇིགས་རུང་ཁྲག་གི་ཡུར་ཆུ་བཞུར་ས་ན།།
སྡུག་བསྔལ་མཆི་མ་འཁྲིགས་པའི་སེམས་ཅན་གྱི།།
སྲོག་གི་གཤེད་དུ་བརྡར་བའི་རལ་གྲིའི་སོ། །
སྙིང་རྗེའི་ཕྱག་གིས་བཀག་པའི་གྲངས་མི་ཟིན།།

མཐོན་པོའི་གསེར་ཁྲིའི་ཁ་ན་ཁྱེད་ཉིད་མེད།།
འབྱོར་ཕྱུག་འདུ་ལོང་དབུས་ནས་ཁྱེད་མི་མཇལ།།
དམར་ནག་འདམ་རྫབ་གཡོ་བའི་ར་བ་ན།།
ཉམ་ཐག་འགྲོ་བ་འདྲེན་པའི་མགོན་དུ་རྟག།

ལྷ་ཡིས་གནང་བའི་ངུར་སྨྲིག་ན་བཟའི་གོས།།
འཚེ་མེད་དྲང་སྲོང་ཆེན་པོའི་ཆ་ལུགས་དེ།།
སྐྱབས་མེད་འགྲོ་བ་གང་ན་ཡོད་པའི་སར།།
མཐོང་བ་ཁྱེད་འདྲའི་སྐུ་ལ་ལྷག་ཏུ་མཛའ།།

རིང་པོའི་ལོ་ཟླའི་ཁྲོད་ཀྱི་ལུས་སེམས་ཀུན།།
སྙིང་རྗེ་ཉག་མ་གཅིག་གིས་གསོས་པ་ཡི། །
སེམས་དཔའ་ཁྱེད་ཀྱི་ཕྱག་གི་བརྐྱང་བསྐུམ་ཡན།།
མཐའ་དག་འགྲོ་བའི་དོན་དུ་མ་གྱུར་གང་། །

དག་པ་ལྷ་ཡི་ཞིང་ནས་ཕེབས་ཚུལ་སོགས།།
ལྐོག་གྱུར་སྐྱེས་རབས་མང་པོ་མི་ཤེས་ཀྱང་།།
མངོན་གྱུར་ཡོན་ཏན་དེ་ཡིས་དད་གུས་འཕེལ།།
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས༎

གངས་ཅན་བཅུ་ཕྲག་རིག་པའི་ཁང་བཟང་དེ།།
ཆར་དང་རླུང་གིས་འཐོར་ལ་ཉེ་བའི་དུས།།
འཆད་རྩོད་རྩོམ་པའི་ཐབས་ཀྱིས་འཛིན་མཁས་ཁྱེད།།
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས།།

ལུགས་གཉིས་མཛད་པ་གང་དང་གང་ལ་ཡང་།།
རང་འདོད་ཉེས་པ་ཕྲ་མོས་མ་གོས་པར།།
སུ་ཡིས་བརྟགས་ཀྱང་སྐྱོན་དང་བྲལ་བ་ཁྱེད།།
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས།།

ཆོས་ཀྱི་རྒྱལ་པོ་དག་པའི་ཞིང་དུ་ཕེབས།།
སྐལ་བཟང་སློབ་མའི་རེ་བའི་སེམས་ཀྱི་རྟེན།།
བསྟན་པའི་གཞི་མ་སྐྱོང་བའི་བརྒྱུད་འཛིན་ཁྱེད།།
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས།།

བླུན་རྨོངས་གཅན་གཟན་གཏུམ་པོའི་འཚོ་བ་བཞིན།།
ཤ་ཁྲག་ཟས་ལ་རྔམ་པའི་ཡུལ་ལྗོངས་འདིར།།
དཀར་ཟས་གཙང་མའི་སྲོལ་བཟང་སྤེལ་མཁན་ཁྱེད།།
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས།།

ཕྱི་ཡི་ལོངས་སྤྱོད་ཅི་ཙམ་འཕེལ་བ་བཞིན།།
ནང་གི་ངེས་འབྱུང་ཤུགས་ཀྱིས་སྲབ་པའི་དུས།།
འཁོར་བའི་རང་མཚང་གཏིང་ནས་རིག་པ་ཁྱེད།།
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས།།

ཐེག་ཆེན་ཆོས་ཀྱི་གྲལ་དུ་ཞུགས་ན་ཡང་།།
ཉམས་ལེན་གནད་ལ་སློབ་མཁན་ཉུང་བའི་དུས།།
བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གང་བ་ཁྱེད།།
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས།།

མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ལམ་གྱི་གསང་།།
བློ་ལས་འདས་པ་ཆོས་ཉིད་ཟབ་མོའི་དོན།།
མཁྱེན་པའི་ཉི་མ་སྙིང་ནས་ཤར་བ་ཁྱེད།།
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས།།

བསྐྱེད་རྫོགས་གདམས་པའི་ཟབ་གནད་མི་ཤེས་པར།།
དབང་ལུང་ཆོས་ཀྱི་ཐོབ་གྲངས་གསོག་པའི་དུས།།
ལྟ་སྒོམ་སྤྱོད་པའི་གནད་གསང་སྟོན་མཁན་ཁྱེད།།
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས།།

ཐེག་པའི་ཡང་རྩེ་འོད་གསལ་རྫོགས་པ་ཆེའི།།
རྩོལ་མེད་ལམ་གྱི་འཕྲིན་ལས་མྱུར་བའི་དུས།།
དོན་བརྒྱུད་བྱིན་རླབས་རྟོགས་པའི་འབྱུང་གནས་ཁྱེད།།
མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས།།

ཟབ་དགུའི་གདམས་ངག་མང་དུ་གནང་ན་ཡང་།།
འདོད་འབྱུང་ནོར་བུ་འདྲ་བའི་བྱང་ཆུབ་སེམས།།
བདག་འཛིན་སེམས་ཀྱི་གཉེན་པོར་འགྲོ་དཀའ་བས།།
ད་དུང་ཐུགས་རྗེས་སྐྱོངས་ཤིག་བླ་མ་རྗེ།།

གོམས་པའི་དབང་གིས་གང་སར་རྒྱུག་པ་ཡི།།
རྟ་རྒོད་ལོང་བ་འདྲ་བའི་རྣམ་རྟོག་འདི།།
མཉམ་པར་བཞག་ཀྱང་བཀོལ་དུ་མི་བཏུབ་པས།།
བྱིན་རླབས་ཞགས་པས་ཆོངས་ཤིག་བླ་མ་རྗེ།།

ཐེ་ཚོམ་མུན་པ་མཐའ་ནས་སངས་བ་ཡི།།
ཉ་གང་ཟླ་བ་འདྲ་བའི་རྟོགས་པ་ཞིག།
མྱུར་དུ་སེམས་ཀྱི་ནམ་མཁར་ཤར་བ་ལ།།
བཙན་ཐབས་དགོངས་པ་སྤོར་ཅིག་བླ་མ་རྗེ།།
 
བར་ཆད་འཕྲང་ལས་བཟུར་ཐབས་མི་ཤེས་པའི།།
ལམ་ཁའི་སྲིན་བུ་འདྲ་བའི་རྨོངས་པ་བདག།
འགལ་རྐྱེན་ལོག་པའི་ལམ་དུ་འགྲོ་སྲིད་ན།།
བརྩེ་བའི་ཕྱག་གིས་སྐྱོབས་ཤིག་བླ་མ་རྗེ།།

ནམ་འོང་འདིར་འོང་ཆ་འཇོག་མེད་པ་ཡི།།
ནམ་མཁའི་ཐོག་དང་འདྲ་བའི་འཆི་བདག་བདུད།།
ཉམ་ཆུང་སྲོག་གི་གཤེད་དུ་བབ་པའི་ཉིན།།
འདྲེན་པའི་དེད་དཔོན་མཛོད་ཅིག་བླ་མ་རྗེ།།

འདི་དང་ཕྱི་མ་བར་དོའི་གནས་སྐབས་དང་།།
སྐྱིད་སྡུག་ལེགས་ཉེས་ལས་བསྐོས་གར་བབས་ཀྱང་།།
མགོན་པོ་གང་ལས་སྐྱབས་གཞན་མི་འདུག་པས།།
འབྲལ་མེད་ཐུགས་རྗེས་གཟིགས་ཤིག་བླ་མ་རྗེ།།

མཁྱེན་རྟོགས་འོད་ཀྱིས་མཛེས་པའི་ཟླ་བ་དེ།།
གང་དུ་སོང་ཡང་ཀུན་གྱི་གཙུག་གི་རྒྱན།།
ང་ཅག་ལྟོས་བཅས་སྐྱེ་འགྲོའི་སྐྱབས་གནས་སུ།།
བསྐལ་བ་རྒྱ་མཚོའི་བར་དུ་ཞབས་བརྟན་ཤོག།

བྱིས་པས་ཐོག་མའི་ཤེས་བྱ་སློབ་ཚུལ་ནས།།
རྒན་པོས་ཕྱི་མའི་འགྲོ་ཆས་སྒྲུབ་ཚུལ་སོགས།།
ལུགས་གཉིས་བླང་དོར་སྟོན་པའི་དེད་དཔོན་ཁྱེད།།
དུས་མཐའི་འགྲོ་བའི་སྒྲོན་མེར་ཞབས་བརྟན་ཤོག།

ངན་སྤྱོད་སྣ་དགུས་མ་མོ་འཁྲུགས་པ་ལས།།
བཅོས་མེད་ནད་ཀྱིས་འཛམ་གླིང་ཕོངས་བའི་དུས།།
འབད་པ་བརྒྱ་ཡིས་འགོག་པའི་ལྷག་བསམ་ཅན།།
མགོན་མེད་སྐྱེ་བོའི་གཉེན་དུ་ཞབས་བརྟན་ཤོག།

འདྲ་མིན་སྐད་དང་ཡིག་རིགས་འདྲེས་པ་ལས།།
ལུགས་གཉིས་སྲོལ་ཁའི་རྨང་རྡོ་བཤིག་པས་ན།།
རང་སྐད་གཙང་མའི་ཆུ་རྒྱུན་མཐུད་པའི་མགོན།།
བཅུ་ཕྲག་རིག་པའི་བདག་པོར་ཞབས་བརྟན་ཤོག།

གངས་ལྗོངས་མདོ་སྔགས་ཆོས་ཀྱི་དགའ་ཚལ་དེ།།
ཟུངས་ཟད་ནད་པ་བཞིན་དུ་གྱུར་དུས་འདིར།།
སྣ་ཚོགས་ཐབས་ཀྱིས་འབད་པའི་བསྟན་འཛིན་མཆོག།
ཐུབ་བསྟན་མཛེས་པའི་རྒྱན་དུ་ཞབས་བརྟན་ཤོག།

གནའ་དེང་རིག་པའི་མཐའ་རྒྱ་མ་ཆོད་པར།།
ཐོས་ཆུང་ལོག་པར་སྨྲ་བ་མང་བའི་དུས།།
ཡིན་མིན་དྲང་ཤན་འབྱེད་ལ་ཚངས་པའི་ཐིག།
ལེགས་བཤད་རྒྱ་མཚོའི་གཏེར་དུ་ཞབས་བརྟན་ཤོག།

འཇམ་དཔལ་དབྱངས་དངོས་བློ་གྲོས་མཚུངས་མེད་རྗེའི།།
ཐུགས་བསྐྱེད་མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ།།
འཕྲིན་ལས་གང་སར་སྤེལ་བའི་བྱེད་པོ་ཁྱེད།།
བསྟན་དང་འགྲོ་བའི་དཔལ་དུ་ཞབས་བརྟན་ཤོག། 

བདག་སོགས་ཆོས་མེད་འཁོར་བའི་སེམས་ཅན་ལ།།
བླང་དོར་ལམ་གྱི་སྣང་བ་གསལ་བ་ཡི།།
སྤྱི་བོའི་གཙུག་གི་ཉི་མ་ཁྱེད་ཡིན་པས།།
ཐར་འདོད་དད་པའི་རྟེན་དུ་ཞབས་བརྟན་ཤོག།

བསླུ་མེད་རིན་ཆེན་གསུམ་གྱི་བདེན་པ་དང་། །
རྩ་གསུམ་དམ་ཅན་སྲུང་མའི་བྱིན་རླབས་ཀྱིས།།
མཚུངས་མེད་བླ་མའི་ཞབས་པད་ཡུན་བརྟན་ཞིང་།།
མཛད་འཕྲིན་སྣང་བས་ཞིང་འདི་མཛེས་གྱུར་ཅིག།
 

ཅེས་པ་འདི་ཆོས་རྗེ་བླ་མ་བཀའ་དྲིན་ཅན་གྱི་ཉེ་གནས་དམ་པ་བསོད་དོན་སོགས དབེན་གནས་བླ་མ་ལུང་གི་སྒྲུབ་སྡེར་བཞུགས་པའི་གྲྭ་འཁོར་དག་གི་ཐུགས་བཞེད་ལྟར། བཅུ་ཕྲག་རིག་པའི་མངའ་བདག་མཁན་ཆེན་དམ་པ་མཆོག་ཉིད་སྐུ་ཚེ་ཡུན་དུ་བརྟན་ཞིང་ མཛད་འཕྲིན་ཕྱོགས་མཐར་རྒྱས་པའི་ཤིས་སྨོན་དུ་ དད་ཅིང་གུས་པའི་བློས་བླ་རུང་ཆོས་སྡེ་ཆེན་པོའི་སྐྱབས་འོག་པ་ འཆི་མེད་རིག་འཛིན་གྱིས་བྱང་པ་རྡོ་རྗེ་བྲག་གི་དགོན་གནས་སུ་སྨྲས་པ་བཞིན་ མཁན་མཆོག་གྲུབ་ལ་ཡི་གེར་ཕབ་ཏུ་བཅུག་པ་དགེ།  ༢༠༢༢ ༨ ༡༠

རྟེན་འབྲེལ་ལམ་ཡག་འཆམས་ལུགས།

ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད།


མི་གོས་དཀར་པོ་ཅན། ཞྭ་པདྨ་ཁ་འབུས་ལྟ་བུ། མེ་ལོང་དར་སྣ་རྨ་བྱའི་སྒྲོས་བརྒྱན། །ལག་གཡས་སྦ་དབྱུག་རྩེ་ལ་དར་སྣ་དྲིལ་བུ་བཏགས་པ་ཐོགས་ཏེ་འཆམས་ནས་འདི་སྐད་ཟེར་རོ། ། ཨ་ལ་ལ། ཨ་ལ་ལ། བཀྲ་ཤིས་སོ། །ཡག་གོ། །ང་ད་ནང་ཟངས་མདོག་དཔལ་རིའི་ཕོ་བྲང་ནས་འོང་ངོ་། །ལྷ་ཨོ་རྒྱན་པདྨས་མངགས་པ་རང་ཡིན་ནོ། །ཁྱོད་གར་སོང་བཀྲ་ཤིས་བརྗོད་ཅིག་གསུངས་སོ། ། ཨ་ལ་ལ་སྔར་ལྟར། མ་འཆི་མེད་ཡེ་ཤེས་མཚོ་རྒྱལ་ཕེབས་བྱུང་། ཞྭ་པདྨ་ཁ་འབུས་མགོ་ལ་བསྐོན་བྱུང་། འདི་སུས་མཐོང་བཀྲ་ཤིས་ལ་ཉེ་ཡག་གོ་གསུངས་སོ། །ལག་བཀྲ་ཤིས་ཚངས་པའི་སྦ་དབྱུག་ལྡེམ་མོ། །འདི་སུས་མཐོང་བཀྲ་ཤིས་ལ་ཉེ་ཡག་གོ་གསུངས་སོ། །འཆམས་བཀྲ་ཤིས་གཡས་བྲོ་གཡོན་བྲོ་གྱིལ་གྱིལ། །འདི་སུས་མཐོང་བཀྲ་ཤིས༴   ངག་བཀྲ་ཤིས་གླུ་རྟ་རིང་ཐུང་སྤེལ་མ། །འདི་སུས་ཐོས༴ ཨ་ལ་ལ་སོགས། ཕྱོགས་བཅུ་ན་སངས་རྒྱས་བཞུགས་སོ། །བཀྲ་ཤིས་སོ། །བཀྲ་ཤིས་སོ། །ཞིང་ཀུན་ན་དམ་ཆོས་སྒྲོགས་སོ། །བཀྲ་ཤིས༴   ས་ཐམས་ཅད་དགེ་འདུན་ཁྱབ་བོ། །བཀྲ་ཤིས༴ བཀྲ་ཤིས་པས་ནམ་མཁའ་ཁྱབ་བོ། །དགེ་ལེགས་པས་བར་སྣང་༴ བདེ་སྐྱིད་པས་ས་སྟེང་ཁྱབ་བོ། །ཨ་ལ༴ པདྨ་ཁ་འབུས་ཞྭ་མོ། །པདྨ་འབྱུང་གནས་དབུ་ཞྭ། །མི་ལ་འཆི་བ་མེད་པའི། །འཆི་མེད་རྟེན་འབྲེལ་འགྲིགས་སོ།  ཨ་ལ༴  རྩེ་ལ་རྨ་བྱའི་སྒྲོ་གུར། །འཇའ་ཚོན་འོད་ལྔའི་ཚོམ་བུ། །རིགས་འཛིན་བླ་མའི་བཀྲ་ཤིས། །རྟེན་འབྲེལ་དེ་རིང་འགྲིགས་སོ། །ཨ་ལ༴ བར་ན་མེ་ལོང་འོད་གསལ། །མེ་ལོང་གསལ་གྲིབ་མེད་པ། །ཡི་དམ་འཇམ་དབྱངས་བཀྲ་ཤིས། །རྟེན་འབྲེལ་དེ་རིང་༴ དེ་ལ་དར་སྣ་ལྔ་ལྡན། །རིགས་ལྔའི་མཁའ་འགྲོའི་སྤྲིན་ཕུང་། །མ་རྒྱུད་མཁའ་འགྲོའི༴ རྟེན་འབྲེལ༴ །ལུས་ལ་གོས་དཀར་གྱོན་པ། །འགོ་བའི་ལྷ་སྲུང་བཟང་ངོ་། མི་འབྲལ་ཁ་འཛིན་མཛད་བའི།  རྟེན་འབྲེལ༴  ལག་ན་སྦ་དབྱུག་ཐོགས་པ། །སྦ་ལྡེམ་ལྷ་ཡི་ནོར་བུ། །ལྷ་སྲུང་ངོ་སོ་མཐོ་བའི། །རྟེན་འབྲེལ༴ །དེ་ལ་དར་སྣ་བཏགས་པ། །སྲིད་པའི་ཕྱ་གཡང་ཕྱུག་མོ། །འབོད་ཅིང་འབོད་ཅིང་འདུ་བའི༴ །རྟེན་འབྲེལ༴ །དེ་ལ་དྲིལ་ཆུང་བཏགས་པ། །ལྷ་སྲུང་དགྱེས་པའི་བཞད་སྒྲ། །རྒྱལ་ཁ་ཐོ་ལེས་ཐོབ་པའི། །རྟེན་འབྲེལ༴ ང་བཀྲ་ཤིས་ལ་ཉེ་བཟང་པོ། །རྟེན་འབྲེལ་ལམ་ཡག་འཆམས་ན། །སུ་དང་འཕྲད་ཀྱང་ཁ་དགེ། །གང་དང་འཕྲད་ཀྱང་བཀྲ་ཤིས། །བླ་མའི་ཆོས་ར་གསུང་དུས། །ང་དང་ཐུག་ན་བསྟན་པ་དར། ། མི་དཔོན་ཁྲིམ་སར་འཛིན་དུས། །ང་དང་ཐུག་ན་ཆུས་སྲིད་རྒྱས། །སྐྱེ་བོ་དོན་གཉེར་འགྲོ་དུས། །ང་དང་ཐུག་ན་ཇི་བསམ་འགྲུབ། །དགའ་སྐྱིད་སྟོན་མོ་བྱེད་དུས། །ང་དང་ཐུག་ན་ཡར་དར་འོང་། །ཨ་ལ༴ ། ང་རྟེན་འབྲེལ་ལམ་ཡག་ཟེར་བ། །ནད་པར་ཐུག་ན་སོས་ལྟས་ཡིན། །ནད་པ་ཡར་སོས་ཧ་བགད་བྱེད། །གཤིན་པོ་བསྡུར་དུས་ཤི་སྒབ་ཆོད། །གསོན་པོ་མི་འཆི་ཚེ་རིང་ཡིན། །སྡུག་བསྔལ་ཅན་གྱི་སྡུག་མཐའ་སང་། །སྐྱིད་པའི་ཉི་མ་ཤར་ལྟས་ཡིན། །ཨ་ལ་ལ། །དམག་ཇག་འགྲོ་ན་གཡུལ་རྒྱལ་ཡིན། །སོ་ནམ་འདེབས་ན་འབྲུ་འཕེལ་ཡིན། །བག་མར་འགྲོ་ན་སྐྱིད་མཐུན་ཡིན། །ཚོང་པ་འགྲོ་ན་ཚོང་ཡག་ཡིན། །ལམ་འགྲིམ་འགྲོ་ན་བྱེས་ཡག་ཡིན། །ཨ་ལ་ལ༴ ། ཁྱེད་འདི་ན་ཚོགས་པའི་ལྷ་ཕྲུག་རྣམས། །ང་རྟེན་འབྲེལ་ལམ་ཡག་འཆམ་དུས་འདིར། །ཁ་དགེ་བའི་དགེ་ཚིག་བརྗོད་དང་རྟེན་འབྲེལ་ཡག །ལས་དགེ་བའི་ཟས་ནོར་བྱིན་དང་རྟེན་འབྲེལ་ཡག །སེམས་དགེ་བའི་དགའ་སྤྲོ་གྱིས་དང་རྟེན་འབྲེལ་ཡག །དགེ་གསུམ་འབྲས་བུ་ཁྱེད་ལ་ཡག་པོ་འོང་། །ཨ་ལ་ལ༴ བྱ་ཤང་ཤང་ཏེའུ་གྲགས་པ་དང་། །ནོར་བསམ་འཕེལ་རྒྱལ་མཚན་ཕྱར་བ་དང་། །ང་རྟེན་འབྲེལ་ལམ་ཡག་འཆམ་པ་གསུམ། །སུ་དང་ཐུག་ཀྱང་བཀྲ་ཤིས་དོན་གྲུབ་ཡིན། །རྟེན་འབྲེལ་ལ་ཉེ་དེ་རིང་བཟང་། །ཡག་གསུམ་ཡག་གི་གོང་བ་ལ། །ཁྱེད་ཅི་བསམ་འགྲུབ་པའི་བཀྲ་ཤིས་ཤོག །བླ་མ་ཨོ་རྒྱན་པདྨའི་བཀྲ་ཤིས་ཤོག །ཡི་དམ་འཇམ་པའི་དབྱངས་ཀྱིས་བཀྲ་ཤིས་ཤོག །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བཀྲ་ཤིས་ཤོག །ཆོས་སྐྱོང་གེ་སར་རྒྱལ་པོའི་བཀྲ་ཤིས་ཤོག །ཚེ་རིང་བའི་བཀྲ་ཤིས་ཤོག །ནད་མེད་པའི་བཀྲ་ཤིས་ཤོག །ནོར་འཕེལ་བའི་བཀྲ་ཤིས༴  །དོན་གྲུབ་པའི༴ ཨ་ལ་ལ༴ །ཕྱོགས་གང་དུ་བལྟས་ཀྱང་བཀྲ་ཤིས་རེད། །དུས་གང་དུ་བསམས་ཀྱང་བཀྲ་ཤིས་རེད། །དེ་སྣང་སྲིད་དག་པ་རབ་འབྱམས་རེད། །དུས་དེ་རིང་དགའ་པོ་སྐྱིད་དོ་ཨཱ། །ལྷ་ཨོ་རྒྱན་པདྨས་མངགས་དོན་གྲུབ། །མགོན་འཇམ་དཔལ་དཔའ་བོའི་བཞེད་དོན་གྲུབ། །མ་ཡེ་ཤེས་མཚོ་རྒྱལ་ལས་དོན་གྲུབ། །སྐུ་སེང་ཆེན་རྒྱལ་པོའི་བཀའ་དོན་གྲུབ། །ང་གར་སོང་ས་ན་ལ་ཉེ་ཡག །གར་སྡད་ས་ན་ཕྲིན་ལས་འཕེལ། །ཁྱེད་འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག །བཀྲ་ཤིས་སོ་མི་འགྱུར་བཀྲ་ཤིས་འཕེལ། །བཀྲ་ཤིས་སོ་ལམ་ཡག་གོ་ལྷ་རྒྱལ་ལོ། །

ཞེས་པའང་བསེ་རུ་འོད་ལྡན་དཀར་པོས་མེ་སྤྲེལ་ཟླ་བ་དྲུག་པའི་ཚེས་གསུམ་ལ་འབྲས་དཀར་ཞིག་གི་རྐྱེན་ལས་ཡིད་ལ་ཤར་བ་མངྒ་ལཾ།། །།


འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ་བཞུགས་སོ། །

ལས་གང་ཞིག་རྩོམ་པ་ན་ཐོག་མར་འདི་ཚར་གཅིག་བརྗོད་ན་གྲུབ་པ་བདེ་བ་ཡིད་བཞིན་དུ་བྱེད་པར་འགྱུར་བས་ཅི་ནས་ཡིད་ལ་བྱའོ། །ཨོཾ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པའི་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། ། འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་། །ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་། །འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །གེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ལྡང་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོར་མཐོང་། །གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་རྩོམ་དུས་བརྗོད་ན་འདོད་དོན་འཕེལ། །རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱི། །དོན་ཀུན་འགྲུབ་པར་རྒྱལ་བ་མཆོག་གིས་གསུངས། །རབ་ཚེས་མེ་སྤྲེལ་ཟླ་༥ ཚེས་༣ གཟའ་ཉི་མ་དང་རྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཡིད་མཚོ་ལས་བྱུང་བ་ནོར་བུའི་དོ་ཤལ་ཆེན་པོ་མངྒ་ལཾ། དགེ་ལེགས་ཆེར་འཕེལ།།


སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན་བཞུགས་སོ། །

ཨོཾ་ཨཱཿཧཱུྃ་ཧྲཱིཿ  བདེ་ཆེན་འབར་བ་དབང་གི་ཕོ་བྲང་དུ། །བདེ་སྟོང་སོ་སོར་རྟོག་པའི་ཡེ་ཤེས་སྐུ། ། མ་ཆགས་བདེ་ལྡན་པདྨའི་རང་བཞིན་ལས། །རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་དཔལ། །ཆོས་སྐུ་སྣང་བ་མཐའ་ཡས་རྡོ་རྗེ་ཆོས། ། འཇིག་རྟེན་དབང་ཕྱུག་ཐུགས་རྗེས་རྗེས་ཆགས་གཟུགས། །པདྨ་རྒྱལ་པོ་འཁོར་འདས་མངའ་དབང་བསྒྱུར། །སྣང་སྲིད་ཟིལ་གནོན་དབང་ཆེན་ཧེ་རུ་ཀ །གསང་བ་ཡེ་ཤེས་བཛྲ་ཝཱ་ར་ཧི། །བདེ་མཆོག་འདོད་པའི་རྒྱལ་པོ་བདེ་ཆེན་གཏེར། །མ་ལུས་སྐྱེ་རྒུའི་ཡིད་འཕྲོག་རིགས་བྱེད་མ། །མཆོག་ཐུན་ཕྱག་རྒྱའི་དབང་ཕྱུག་བདེ་སྟོང་གར། །དབང་མཛད་རྡོ་རྗེ་དཔའ་བོ་ཌཱ་ཀིའི་ཚོགས། །སྣང་སྟོང་མཉམ་པ་ཆེན་པོའི་ངང་ཉིད་དུ། །རྡོ་རྗེ་སྐུ་ཡི་གར་གྱིས་སྲིད་གསུམ་གཡོ། །འགག་མེད་གསུང་གི་བཞད་སྒྲས་ཁམས་གསུམ་འགུགས། །འོད་ཟེར་དམར་པོས་འཁོར་འདས་ཡོངས་ལ་ཁྱབ། །སྲིད་ཞིའི་དྭངས་བཅུད་གཡོ་ཞིང་སྡུད་པར་བྱེད། །རྡོ་རྗེ་ཆགས་པ་ཆེན་པོའི་ཐུགས་ཀྱིས་ནི། །རྣམ་གཉིས་དངོས་གྲུབ་འདོད་དགུའི་མཆོག་སྩོལ་ཞིང་། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེན་པོ་ཡིས། །སྣང་སྲིད་བདེ་བ་ཆེན་པོར་སྡོམ་བྱེད་པ། །མཐའ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཅན། །ཏིལ་གྱི་གོང་བུ་ཕྱེ་བ་བཞིན་བཞུགས་པའི། །རབ་འབྱམས་རྩ་གསུམ་དབང་གི་ལྷ་ཚོགས་ལ། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་འདོད་དགུའི་དཔལ་མཐའ་དག །ཐོགས་མེད་དབང་དུ་བྱེད་པའི་དངོས་གྲུབ་སྩོལ། ། ཅེས་པའང་རབ་ཚེས་ས་ཡོས་ཟླ་༩ཚེས་༡ལ་དྷཱི་མིང་པས་སྤེལ་བ།  གསོལ་བ་བཏབ་ན་གང་ཟག་སུ་ཡང་རུང་སྟེ་དབང་གི་ལས་ཀུན་ཇི་ལྟར་བསམ་པ་བཞིན་འགྲུབ་པར་གདོན་མི་ཟའོ། །དར་དམར་ལ་བྲིས་ཏེ་ཕྱར་བའམ། མེ་རླུང་ལ་འཁོར་ལོ་བྱས་ཀྱང་འགྲུབ་བོ། །མངྒ་ལཾ།།

རྣམ་དག་ཚུལ་ཁྲིམས་གཙང་མས་ཐུགས་རྒྱུད་མཛེས།།

བཅུ་ཕྲག་རིག་པའི་གནས་ལ་བློ་གྲོས་ཡངས།།

ཉམ་ཐག་སྐྱེ་རྒུའི་མགོན་གྱུར་དགེ་བའི་བཤེས།།

ལྷོ་གླིང་འཛིན་མའི་རྒྱན་དུ་འཚོ་བཞེས་གསོལ།།

          མཁན་ཆེན་འཆི་མེད་རིག་འཛིན་མཆོག་ནས།

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章