ཀཿ ཐོག་རྡོ་རྗེ་གདན།
སངས་རྒྱས་འཕྲིན་ལས།
ལོ་རྒྱུས་ངོས་སུ་གངས་རི་ཁོ་ན་བརྗིད། །
རྒོད་པོའི་ཚོགས་ཀྱིས་ཉིན་མཚན་ཁྱོད་ཉིད་སྲུང་། །
རླུང་ནི་དུབ་ཅིང་ཉི་འོད་རྒས་པར་གྱུར།།
ན་བུན་བསགས་པའི་ཉམས་རྟོགས་གང་དུ་འཕོ། །
ཁ་བ་ཡུན་རིང་འབབ་པའི་ནགས་ཁྲོད་དེས། །
མྱ་ངན་བསིལ་བའི་ངེས་འབྱུང་དར་དུ་ཆགས། །
མིག་གི་མཐའ་ཁར་སྐྱེ་འཆི་བརྒྱ་ཕྲག་སྐམ། །
འོད་ཀྱིས་རྙིང་བའི་ས་ལམ་རྫོགས་པའོ། །
བྱ་བྱེའུའི་སྐད་ཀྱིས་ཉི་འོད་སྲབ་པར་བྱས། །
ཚེ་ཡི་བར་ཐག་བྱིལ་བྱིལ་ལན་གཅིག་ཤོར། །
ཉི་ནུབ་རྒྱང་ནས་བཀྱེད་པའི་ཁེར་རྐྱང་དག །
དར་ལྕོག་རྡེབ་པའི་སྒྲ་ཡིས་རིང་བར་བྱ། །
མཚན་མོར་སྲོག་གི་རྒུད་པ་ཤིན་ཏུ་གསལ། །
ཆུ་ཕྲན་ཤག་ཤག་རྩ་ཐང་ཁེར་ཧྲེང་ཧྲེང་། །
སྐྱོ་བའི་རྗེས་ཤུལ་དྲན་པའི་རྣལ་འབྱོར་བ། །
ཉོན་མོངས་སྲང་ལམ་བཤག་པའི་ལས་སུ་ཞུགས། །
ནམ་ཞིག་ཚེ་ན་ཁྱོད་ཀྱི་འོད་ཕུང་གིས། །
སྙིང་གི་ལོ་མར་སྨིན་པའི་ཡིག་ཚོགས་དག །
དབེན་པའི་རི་ལ་གཅིག་ཏུ་བརྩིགས་གྱུར་ཏེ། །
རྫ་སྒང་དེ་རུ་རྡུལ་དང་བྲལ་བར་ཤོག །