དིང་རི་བར་ཕུལ་བའི་སེམས་གཏམ་ཐོར་བུ།

政务   2025-01-22 10:04   西藏  




དིང་རི་བར་ཕུལ་བའི་སེམས་གཏམ་ཐོར་བུ།

རྩོམ་པ་པོ། རྣམ་གླིང་བསྟན་པ།

གྱེར་འདོན། ཚེ་སྒྲོན།


ནམ་ཟླ་འཁྱག་གིས་བསྡམས་པའི་དགུན་གཞུང་འདིར། རི་བོ་ཇོ་མོ་གླང་མའི་འདབས་རོལ་གྱི་དིང་རིའི་ཡུལ་མིར་གཤིན་རྗེའི་འདྲེ་ལག་རིང་དུ་བསྲིངས།

ད་ཐེངས། ས་གཙང་རི་གཙང་གི་ཡུལ་འདིར། ས་འགུལ་གྱི་གོད་ཆག་ནག་པོས་མ་ཤི་གསོན་བྲལ་གྱི་སྐྱོ་གདུང་དང་། གསོན་པ་ལས་འཆི་བར་དགའ་སྙམ་པའི་ན་ཟུག  གསོན་པོས་ཤི་བར་གདུང་སེམས་མཉམ་སྐྱེད་ཀྱི་སྐྱོ་སྣང་།  གང་ལྟར་ཉི་མ་གནམ་ལ་བཏགས་པ་ལྟ་བུའི་དམྱལ་བའི་དོག་འཕྲང་དུ་ལྷུང་འདྲའི་གདུང་བས་གཙེས།  རྨི་ལམ་ལྟ་བུའི་གོད་ཆག་དེ་ནི་ཅི་འདྲའི་འུ་ཅག་གི་བློ་ངོར་མི་ཤོང་བ་དང་ཡིད་སེམས་ཕངས་པ་ཞིག་ཅི་ལ་མིན། དེ་ནི་ཅི་འདྲའི་དང་ལེན་བྱེད་དཀའ་བ་དང་ཡིད་རྟོན་དབུལ་བ་ཞིག་ཅི་ལ་མིན།

བདག་ནི། ཤེས་རིག་གིས་དམན་པའི་ཉམ་ཆུང་གི་མི་བུ་ཙམ་པོ་བ་ཞིག་ཡིན་གཤིས། རྩོམ་འདིར་ཧ་ཅང་མི་སེམས་འགུལ་བའི་མིག་ཆུ་ལྷུང་རྒྱུ་དང་། དད་པ་དག་སྣང་སྐྱེ་བའི་རྒྱུ་ཞིག་ཅང་རྔོ་མི་ཐོགས་ནའང་། རྔ་ལ་དཔག་པའི་འཆམ་ལྟར་བདག་གི་འདྲེན་བྱེད་ལམ་དུ་འཆར་བའི་དངོས་དངོས་རྗེན་རྗེན་གྱི་སྣང་ཚུལ་ཡོད་རྒུ་ཁ་སྟོང་ཚིག་སྟོང་ཙམ་དུ་མི་ཟད་པར་ཡིག་འབྲུར་བཏབ་སྟེ་འབྲི་ཁུལ་བགྱིས་པ་ལགས། དེའང་ཞིབ་པར་བརྗོད་ཚེ། སྤྱི་ལོ༢༠༢༥ལོའི་ཟླ་བ༡པོའི་ཚེས༧ཉིན་གྱི་ཞོགས་པའི་ཆུ་ཚོད༩ དང་སྐར་མ ༥ཐོག་ཆེས་འཇིགས་སུ་རུང་བའི་དིང་རིར་རིམ་པ༦.༨ཅན་གྱི་རང་བྱུང་ས་ཡོམ་བྱུང་ནས་སྙིང་ཉེ་བའི་མི་ཟོག་ཇི་སྙེད་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ཞིང་སྐྱོ་གདུང་གི་ན་བུན་འཐིབས།
ཀྱེ་མ་ཀྱེ་ཧུད།  ས་ཆེན་པོའི་སྒལ་གཞུང་དུ་མར་གཤགས་དུས་མི་ཟོག་གཉིས་ཀར་གདུང་བས་མནར་ཞིང་ངུ་འབོད་ཀྱི་ཆོ་ངེས་གནམ་ས་གཡོས་ཤིང་མུ་མེད་ཀྱི་རྒྱ་མཚོ་ལྷག་པར་སྐྱོམས།  མཐའ་འཁོར་ཉེ་འབྲེལ་གྱི་སྤུན་ཟླའི་སེམས་ཁོང་ནས་དངན་པ་ཕྱི་ལ་འདོན་ཞིང་ཕྱར་བ་གྲུ་འདེགས་ཀྱིས་ཐལ་རྡུལ་གྱིས་བརླགས་པའི་ཡུལ་འདིར་བྱམས་བརྩེའི་འོད་སྣང་བྱིན།  ཇི་སྐད་དུ། རང་བྱུང་ཁམས་ལ་སྙིང་རྗེ་མེད་ཀྱང་མི་སེམས་ལ་བརྩེ་བ་མཆིས་ཞེས་པ་ལྟར་དེ་མུར་ཏང་ཀྲུང་དབྱང་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་།    བོད་རང་སྐྱོང་ལྗོངས་ཏང་ཨུད།   སྲིད་གཞུང་བཅས་ཀྱི་ཚད་མཐོའི་མཐོང་ཆེན་འོག་གཞིས་ཀ་རྩེ་གྲོང་ཨུད་དང་།   གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་སྐར་མདའ་འཁྱུག་པ་ལྟ་བུའི་བྱ་སྤྱོད་སྤེལ་ཏེ་སྨན་པ་དང་དཔུང་སྡེ། མེ་གསོད་རུ་མི། ཉེན་རྟོགས་པ། དང་བླངས་པ་སོགས་ཚ་ཚ་འུར་འུར་ངང་སྒྲིག་འཛུགས་གྱ་ནོམ་པ་བྱས་ཏེ་བྱ་འཕུར་བ་ལྟར་གནོད་འཚེ་ཕོག་ཡུལ་དུ་བརྩེ་བའི་ཕྱག་ཟུང་གི་དངོས་ཟོག་ཆར་དུ་བསྙིལ་བ་ལྟར་དུས་ཐོག་ཏུ་འབྱོར་ཞིང་། དིང་རིའི་ཡུལ་མི་རྣམས་གང་མགྱོགས་བདེ་འཇགས་ཁུལ་དུ་གནས་སྤོ་དང་མི་ཟོག་སྔོག་བཤེར་བགྱིས་ཏེ་གཅིག་ཀྱང་ཆད་ལུས་མེད་པར་མྱུར་སྐྱོབ་གཙང་སེལ་བྱས་ཏེ་ས་ཡོམ་གྱི་འཕྲལ་སྡོམ་ལས་དོན་ཁག་ཚད་ལྡན་ངང་ལག་བསྟར་ཚགས་ཚུད་པོ་གནང་།
རིགས་ལ་དུངས་ཤིང་བྱམས་པ་ཅན་དག་དམིགས་སར་འབྱོར་དུས། བྱིའུར་རྡོ་ཕོག་འདྲའི་མང་ཚོགས་ཀྱི་གནས་སྤོ་བཀོད་སྒྲིག་དང་། རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་སེམས་གསོ་དང་བསྔོ་སྨོན།  མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་སྟེ་བདེ་འཇགས་དང་དྲོད་ཁོལ་ལྡན་པའི་ངང་དགུན་གཞུང་འདི་ཕར་ལ་སྐྱེལ་རྒྱུའི་མནའ་ཚིག་དམ་བཅའ་བརྟན་པོར་བཞག

ཕྱོགས་གཅིག་ལ་དཀའ་ངལ་ཡོད་ཚེ། ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་ཅེས་པའི་གནའ་གཏམ་ནི་འདི་འདྲའི་བརྩེ་སེམས་ཀྱིས་ཕྱུག་ཅིང་གནས་ལུགས་ཀྱིས་ཁེངས་པའི་བདེན་གཏམ་ཞིག་ཅི་ལ་མིན་སྲིད།  རེད་ཨང་། ཆར་རྗེས་ཀྱི་ཤ་མོ་དང་གྲོག་མ་ཚང་ནས་བརྡོལ་བ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་འཚོ་བའི་མཁོ་ཆས་འབོལ་འབོལ་ལྷུག་ལྷུག་དག་རྒྱ་མཚོར་རྡོ་འཕངས་པ་ལྟ་བུ་མིན་པར་མིག་མཐོང་ལག་ཟིན་གྱིས་ལག་འབྱོར་ཐུབ་པ་ནི་ཅི་འདྲའི་མི་སེམས་འགུལ་བའི་བརྩེ་སེམས་ཤིག་ཅི་ལ་མིན། གཅིག་ཕན་གཅིག་གྲོགས་དང་ཕྱར་བ་གྲུ་འདེགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་གཤིས། སྐབས་འཕྲལ་གྱི་འཚོ་བའི་ཁུར་པོ་རྟབ་རྟབ་པོར་ཐག་གཅོད་དང་འགན་ལེན་བྱས། དེ་བས་འཁྱུག་དབྱིངས་དང་། གྲོགས་ཚོམས་སོགས་ལས་ཤེས་རྟོགས་ཐུབ་པ་ལྟར། ལས་ཁུངས་དང་། དྲ་གྲགས། ཚོང་པ། ཕྱུག་བདག  སྤྱི་ཚོགས་ཁྲོད་ཀྱི་བྱམས་བརྩེའི་མི་སྣ། དེ་བཞིན་རྒྱལ་ནང་ཞིང་ཆེན་ཁག་གི་སྤུན་ཟླའི་རྒྱབ་སྐྱོར་འོག་སྐྱ་ཟད་སྔོ་ཐུག་གི་འཚོ་བའི་གྲུ་ཟུར་ལས་ད་གཟོད་དགུང་གི་ཉི་མ་ཤར་འདྲའི་ཚ་སོབ་སོབ་ཀྱི་འཚོ་གཤིས་ཤིག་བསྐྲུན།

མཐུན་སྒྲིལ་ནི་རྒྱལ་ཁའི་སྟོབས་ཤུགས་ཡིན་ཞེས་གསུངས་པ་ལྟར་སྤྱི་ཚོགས་ལས་རིགས་ཁག་གི་བརྩེ་བ་ཡི་འོད་གུར་དིང་རིར་ཕུབ་ཅིང་བརྩེ་སེམས་ཀྱི་དངོས་རྫས་ཀྱང་ལུག་ཁྱུ་བཞིན་རླངས་འཁོར་བགྲང་ལས་འདས་པ་གོ་རིམ་ལྡན་པའི་ངང་དམིགས་སར་འབྱོར། དུངས་པ་ཅན་གྱི་མི་བུ་ཇི་སྙེད་ཡོམ་འགོག་གེགས་སེལ་ནང་ཞུགས་ཤིང་བཟས་བརྗེད་གཉིད་བཅག་ལྟར་གཞན་ཕན་གྱི་ལས་ལ་གཞོལ།

མ་གཞི་ད་ཐེངས་ཀྱི་གོད་ཆག་འདིས། དཔལ་འབྱོར་དང་མི་ཤུགས། དངོས་རྫས་བཅས་ལ་གྱོང་གུན་ཚབས་ཆེན་ཕོག་པ་སྨོས་མི་དགོས་ཀྱང་མི་རིགས་ང་དྲུག་གི་བརྩེ་བ་ནི་སེ་འབྲུའི་རྡོག་པོ་བཞིན་གཅིག་ཏུ་དྲིལ་ནས་དཔུང་པ་མཉམ་གཤིབ་ཀྱིས་ལག་གདང་སྦྲེལ་གྱིན་མཛའ་གཅུགས་གསེར་ཟམ་གྱིས་དཀའ་སྡུག་གི་གནས་ལས་སྒྲོལ་བར་བྱས། དེའང་བོད་པའི་གཏམ་དཔེར། སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་ཞེས་པའི་དཔེ་ལྟར། སྡུག་གི་ཁུར་པོ་མཉམ་འཁུར་དང་སྐྱིད་ཀྱི་འཚོ་བར་མཉམ་རོལ་བགྱིས་ནས་འུ་ཚོ་ཚང་མས་དཔུང་གདང་ཤིག་ཤིག་གིས་སྔར་ལྟར་གཟི་ཉམས་ལྡན་ཞིང་དྲོ་སྐྱིད་ལྡན་པའི་འཚོ་བ་སླར་གསོར་ངང་སྒུག་བྱེད་དགོས་ལ། མགྱོགས་ནས་མྱུར་དུ་སྡུག་བསྔལ་གྱི་འཆིང་རྒྱ་ལས་གྲོལ་ཏེ་བདེ་སྐྱིད་ཀྱི་འཚོ་བ་གསར་པར་སྟ་གོན་ཨང་གསར་བྱ་དགོས།

བསྐྱར་ཞུས། རྒྱལ་མཚན།

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།



青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章