དངུལ་སྨར་དང་ཉལ་ཆས། ལུག་ཤ་ཚགས་ཤ། ལྕགས་ཐབ། མར། ལྕི་བ་སོགས་ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་བཞིན་འདུག ས་ཡོམ་བརྒྱབ་རྗེས། རང་རྒྱལ་གྱི་སྤྱི་ཚོགས་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་བྱམས་བརྩེའི་ཕྱག་ཟུང་བརྐྱངས་ཏེ། བྱེད་ཐབས་མི་འདྲ་བ་དང་ཐབས་ལམ་མི་འདྲ་བ་བརྒྱུད། དངུལ་སྨར་དང་དངོས་རྫས་ཞལ་འདེབས་བརྒྱབ་ནས་གནོད་འཚེ་ཕོག་པའི་མང་ཚོགས་དཀའ་ངལ་ལས་སྒྲོལ་རྒྱུར་རོགས་རམ་གང་ཐུབ་བྱས་ཡོད།
རོགས་སྐྱོབ་དངོས་ཟོག་ཞལ་འདེབས་འབོད་སྐུལ་གྱི་ཆ་འཕྲིན་ཞིག་སྡེ་ཁུལ་གྱི་སྐད་འཕྲིན་ཚོགས་པའི་ནང་བསྐུར་བ་དང་དུས་མཚུངས། བསམ་གྲུབ་རྩེ་ཆུས་ཁ་ལུང་སྡེ་ཁུལ་དང་བདེ་ལེགས་སྡེ་ཁུལ་སོགས་ཀྱི་མང་ཚོགས་ཀྱིས་འབོད་སྐུལ་དང་ལེན་བྱས་ནས་རང་མོས་ངང་དངོས་ཟོག་སྣ་ཚོགས་ཞལ་འདེབས་བརྒྱབ་ཡོད་པ་རེད།
ཁ་ལུང་སྡེ་ཁུལ་གྱི་གྲོང་མི་སྤེན་པ་སྒྲོལ་ལགས་ཀྱིས་ཕངས་སེམས་མེད་པར། ཀམ་པ་ལི་14དང་བཙུགས་ཕྲུགས་140ཞལ་འདེབས་ཕུལ་བ་དང་། སྡེ་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་སེམས་ཤུགས་གཅིག་སྒྲིལ་གྱིས་ལྕི་བ་དོ་པོ་927དང་། མེ་ཤིང་དོ་པོ་1100 རིལ་མ་དོ་པོ་51 མེ་ཁ་གསོ་བྱེད་ཀྱི་ཡང་ལཱ་སྒམ་37བཅས་གྲབས་གསོག་བྱས་ཡོད་པ་རེད།
གཞན་ཡང་ཁ་ལུང་སྡེ་ཁུལ་གྱིས་ད་དུང་སྡེ་ཁུལ་གྱི་ཐུན་མོང་དཔལ་འབྱོར་ཁྲོད་ནས་སྒོར་ཁྲི་6བཏོན་ནས་མེ་ཤིང་དོ་པོ་8000ཉོས་ཏེ་རྒྱ་གྲམ་དམར་པོའི་ཚོགས་པས་གནོད་འཚེ་ཕོག་པའི་ཁུལ་དུ་འཁྱེར་རྒྱུར་མངགས་བཅོལ་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་དགུན་ཁ་དྲོ་སྐྱིད་ངང་སྐྱེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
བདེ་ལེགས་སྡེ་ཁུལ་དུའང་མང་ཚོགས་ཀྱིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་རང་མོས་ངང་མེ་ཤིང་དོ་པོ་1693དང་། ལྕི་བ་དོ་པོ་1875 ལྕགས་ཐབ་56 དེ་བཞིན་གྱོན་གོས་དང་ཉལ་ཆས། གདན་སོགས་འཚོ་བའི་ཉེར་སྤྱོད་དངོས་རྫས་ཁྱོན་བསྡོམས་494ཞལ་འདེབས་བརྒྱབ་ཡོད་པ་རེད།
ཟླ་1པོའི་ཚེས་7ཉིན། གཞིས་ཀ་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་དང་བྱིས་པའི་ལས་ཀའི་གྲོན་དངུལ་སྒོར་ཁྲི་35ལྷག་ཙམ་སྤྱད་དེ་རོགས་སྐྱོབ་དངོས་ཟོག་ཉོས་ཤིང་། སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣ་མགྱོགས་མྱུར་ངང་འཛོམས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་དངོས་ཟོག་རིགས་དབྱེ་ཞིབ་ཕྲ་དང་ཐུམ་སྒྲིལ་ཞིབ་ཚགས་བྱས་པ་མ་ཟད། གོ་རིམ་ལྡན་པའི་སྒོ་ནས་རླངས་འཁོར་ནང་བླུགས་ཏེ་དངོས་ཟོག་མགྱོགས་ལ་བདེ་འཇགས་ལྡན་པའི་སྒོ་ནས་གནོད་འཚེ་ཕོག་ཁུལ་དུ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། ད་ཐེངས་ཀྱི་གཅེས་སེམས་བྱ་སྤྱོད་ཁྲོད་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྲིང་བལ་ཉལ་ཆས་ཆ་ཚང་773དང་། ཞྭ་མོ་དང་ལག་ཤུབས་ཁག་སོ་སོར་1000 དྲོད་སྲུང་པང་རས་1000 མི་རྒན་པའི་སྲིང་བལ་ལྷམ་ཆ་155 བྱིས་པའི་སྲིང་བལ་ལྷམ་ཆ་346བཅས་གྲ་སྒྲིག་བྱས་ཡོད་པ་རེད།
བོད་ལྗོངས་ཧྲེང་ཞུང་ཁེ་ལས་ཚོགས་པ་ཚད་ཡོད་ཀུང་སིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ནས་རོགས་སྐྱོབ་དངོས་ཟོག་སྣ་ཚོགས་ཛ་དྲག་ངང་བཀོད་སྒྲིག་བྱས་ཡོད་ཅིང་། སྟབས་བདེའི་ཐུག་པ་དང་གཏེར་ཆུ། མན་པའོ། བྱ་སྤུའི་ཉལ་ཆས། སྲིང་བལ་སྟོད་གོས། འོ་མ་སོགས་རིན་ཐང་སྒོར་ཁྲི་16ལྷག་ཙམ་གྱི་འཕྲལ་དགོས་དངོས་ཟོག་མགྱོགས་མྱུར་གྲབས་གསོག་བྱས་ཡོད་པ་རེད།
གཉའ་ལམ་རྫོང་ཟུར་མཚོ་ཤང་བེ་དཀར་གྲོང་ཚོའི་མང་ཚོགས་ཚོས་ཁྱིམ་གྱི་མར་དང་ཚགས་ཤ། ལུག་ཤ། རྩམ་པ་སོགས་དངོས་ཟོག་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས་གནོད་འཚེ་ཕོག་པའི་མང་ཚོགས་དཀའ་ཚེགས་ཆེ་བའི་དུས་སྐབས་དེ་ལས་སྒྲོལ་རྒྱུར་རོགས་རམ་གང་ཐུབ་བྱས་ཡོད།
དངོས་ཟོག་འདི་དག་ལས་སྤྱི་ཚོགས་ལས་རིགས་ཁག་གི་སེམས་ཁུར་དང་གཅེས་སེམས་གཅིག་ཏུ་འདུས་ཡོད་ལ། གནོད་འཚེ་
ཕོག་པའི་མང་ཚོགས་ལ་དྲོ་སྣང་དང་རེ་བའང་སྦྱིན་ཡོད་པས། ཁྱེད་རྣམ་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བསྐྱར་ཞུས། རྒྱལ་མཚན།
ཞུ་དག བཀྲ་ཤིས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
ཡིག་སྒྱུར། ཚེ་རིང་སྒྲོལ་མ།
སྒྲ་འཇུག སྐལ་བཟང་རྒྱལ་མཚན།
ཡོང་ཁུངས། ཇོ་རིའི་འཕྲིན་སྟེགས།
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།