སྤྱི་ཚེས་19ཉིན་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་པའི་ཡུས་ཧྭ་དབྱིང་གིས་བྱིས་པ་བསླུ་འཚོང་བྱས་པའི་གྱོད་གཞི་དེར་ཀུའེ་ཀྲོའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་གཉིས་པའི་བསྐྱར་འདྲའི་ཁྲིམས་ར་འཚོགས་ཡོད་པ་རེད། ཀུའེ་ཀྲོའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་རའི་ཐོག་ཁྲུན་ཐག་བཅད་དོན། ཡུས་ཧྭ་དབྱིང་གིས་གོང་གཏུག་བྱས་པ་ཁྲ་སློག་གཏོང་རྒྱུ་དང་། འདྲི་གཅོད་དང་པོར་སྲོག་ཁྲིམས་གཅོད་རྒྱུའི་ཁྲིམས་ཐག་བཅད་པ་དེ་རང་འཇགས་སུ་འཇོག་རྒྱུ། ཐེངས་འདིའི་ཁྲུན་གཅོད་དེ་མཐའ་མའི་ཁྲུན་གཅོད་ལ་བརྩི་རྒྱུ་ཡིན་པས། ཡུས་ཧྭ་དབྱིང་གིས་སླར་གོང་གཏུག་བྱས་ཆོག་གི་མེད་པ་རེད།
ཁྲིམས་རའི་འདྲི་གཅོད་མཇུག་འགྲིལ་རྗེས་དབྱང་ཉིའུ་ཧྭ་ཡིས། ཡུས་ཧྭ་དབྱིང་གིས་ཁྲིམས་རའི་འདྲི་གཅོད་བྱེད་རིང་ཞེད་སྣང་ཅི་ནས་ཀྱང་མི་བྱེད་པ་དང་། སྔ་ཕྱི་བར་གསུམ་དུ་རང་ཉིད་ལ་ནོར་འཁྲུལ་ཡོད་པའི་ངོས་འཛིན་བྱེད་ཀྱི་མེད། སྲོག་ཁྲིམས་བཅད་འབྲས་ཐོན་རྗེས་གཞི་ནས་མིག་ཆུ་ཤོར་སོང་ཞེས་བརྗོད་པ་རེད།
སྲོག་ཁྲིམས་བཅད་ཁྲ་བཏང་རྗེས་དུས་ཡུན་ཇི་ཙམ་ཕྱིན་རྗེས་ལག་ལེན་བསྟར་དགོས་སམ།
པེ་ཅིང་ཡུའེ་ཁྲེང་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཁྲིམས་རྩོད་པ་ཡུའེ་ཧྲེན་ཧྲན་གྱིས། གཏན་འབེབས་གཞིར་བཟུང་།
མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྲོག་ཁྲིམས་གཅོད་རྒྱུའི་ཁྲུན་ཐག་བཅད་རྗེས་རྗེས་ཀྱི་ཉིན་བཅུའི་ནང་ཆེས་མཐོའི་མི་དམངས་ཁྲིམས་ཁང་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས།
ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བསྐྱར་ཞིབ་བྱས་པ་བརྒྱུད། གལ་ཏེ་ཐོག་མའི་ཁྲིམས་བཅད་དོན་དངོས་དང་ཁྲིམས་ལུགས་སྤྱོད་སྟངས་ཡང་དག་ཡིན་པ། ཉེས་ཆད་གཅོད་ཚད་འོས་ཤིང་འཚམ་པ། གཏུག་བཤེར་གྱི་གོ་རིམ་ཁྲིམས་མཐུན་ཡིན་པ་བཅས་ཀྱི་ངོས་འཛིན་བྱུང་ཚེ། ཁྲིམས་ཐག་བཅད་འབྲས་ལ་ཞིབ་བཤེར་ཆོག་མཆན་འགོད་དགོས།
ཁྲིམས་ཐག་བཅད་འབྲས་ལ་ཞིབ་བཤེར་ཆོག་མཆན་བཀོད་རྗེས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་གྱིས་སྲོག་ཁྲིམས་ལག་ལེན་བསྟར་དགོས་པའི་བཀའ་རྒྱ་གཏོང་དགོས་པ་དང་། གྱོད་དོན་དེར་འདྲི་གཅོད་དང་པོ་བྱེད་མཁན་མི་དམངས་ཁྲིམས་ཁང་གིས་བཀའ་རྒྱ་འབྱོར་རྗེས་ཀྱི་ཉིན་བདུན་ནང་ཚུན་དུ་སྲོག་ཁྲིམས་ལག་ལེན་བསྟར་དགོས།
བཅའ་ཁྲིམས་ནང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞིབ་བཤེར་ཆོག་མཆན་འགོད་པའི་དུས་བཀག་གཏན་འབེབས་ཁ་གསལ་བཟོས་མེད་པས། མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྲོག་ཁྲིམས་གཅོད་རྒྱུ་ལག་བསྟར་བྱེད་པའི་ཁྲུན་ཐག་བཅད་པའི་གྱོད་དོན་དེ་རིགས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞིབ་བཤེར་ཆོག་མཆན་འགོད་པའི་དུས་ཡུན་མི་འདྲ་བས། དུས་བཀག་ཁ་གསལ་ཞིག་གཏན་འཁེལ་བྱེད་ཐབས་མེད་ཅེས་གསུངས་པ་རེད།
ཁོང་གིས། གལ་ཏེ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྲོག་ཁྲིམས་ལག་ལེན་བསྟར་དགོས་པའི་བཀའ་རྒྱ་བཏང་ཚེ། ཉིན་བདུན་གྱི་ནང་ཚུན་དུ་སྲོག་ཁྲིམས་ལག་ལེན་བསྟར་དགོས་པ་དེ་ནི་ཁ་གསལ་ཡིན་ཞེས་གསུངས་པ་རེད།
原文来源:央视新闻
审稿:达瓦次仁
翻译:拉豆措
编辑:卓玛才让