ས་གནས་དེ་གའི་དུས་ཚོད་ཚེས་14ཉིན་གྱི་ཆུ་ཚོད་16ཐོག ལྷོ་ཁོ་རེ་ཡའི་རྒྱལ་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་འཚོགས་ནས། སྲིད་དབང་བཟུང་མེད་པའི་ཏང་དཔུང་ཁག་གིས་ཐེངས་གཉིས་པར་བཏོན་པའི་ཙུང་ཐུང་དབྱིན་ཞི་ཡུའེ་ཡི་ནག་ཉེས་ཐེར་འདོན་གྱི་འཕྲལ་འདོན་གྲོས་གཞིར་བརྡས་ཐག་བཅད་པ་དང་། ནག་ཉེས་ཐེར་འདོན་གྱི་འཕྲལ་འདོན་གྲོས་གཞིར་གྲོས་འཆམ་བྱུང་ནས། དབྱིན་ཞི་ཡུའེ་ཡི་ཙུང་ཐུང་གི་གོ་གནས་འཕྲལ་མར་མཚམས་འཇོག་བྱས་ཡོད།
ལྷོ་ཁོ་རེ་ཡའི་རྩ་ཁྲིམས་ཁྲིམས་ཁང་གིས་ཉིན་180ཡི་ནང་ནག་ཉེས་ཐེར་འདོན་གྱི་འདྲི་གཅོད་གོ་རིམ་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞིང་། གལ་ཏེ་རྩ་ཁྲིམས་ཁྲིམས་ཁང་གིས་ནག་ཉེས་ཐེར་འདོན་གྱི་འཕྲལ་འདོན་གྲོས་གཞི་དེ་གཞི་མི་ཚུགས་པའི་ཁྲུན་ཐག་བཅད་ཚེ། དབྱིན་ཞི་ཡུའེ་ལ་འཕྲལ་དུ་ཙུང་ཐུང་གི་གོ་གནས་སླར་གསོ་བྱ་རྒྱུ་དང་། གལ་ཏེ་རྩ་ཁྲིམས་ཁྲིམས་ཁང་གིས་ནག་ཉེས་ཐེར་འདོན་གྱི་འཕྲལ་འདོན་གྲོས་གཞི་དེ་གཞི་ཚུགས་པ་ཁས་ལེན་བྱས་ཚེ། དབྱིན་ཞི་ཡུའེ་འཕྲལ་དུ་གནས་དབྱུང་གཏོང་རྒྱུ་དང་། སྔོན་དཔག་བྱས་ན་སང་ལོའི་ཟླ་4པ་ནས་6པའི་བར་ལྷོ་ཁོ་རེ་ཡའི་འདེམས་བསྐོ་ཆེ་མོ་བྱ་རྒྱུ་རེད།
ལྷོ་ཁོ་རེ་ཡའི་རྩ་ཁྲིམས་ཁྲིམས་ཁང་ལ་ཁྱོན་ཁྲིམས་དཔོན་9ཡོད་མོད། འོན་ཀྱང་དེའི་ནང་གི་ཁྲིམས་དཔོན་3ད་ལོའི་ཟླ་10པར་འགན་བཞེས་དུས་བཀག་གཙང་ནས་ལས་གནས་ལས་ཕྱིར་འཐེན་བྱས་པས། མིག་སྔར་མི་3གྱི་ལས་གནས་སྟོང་པར་ལུས་ཡོད། རྒྱུན་ལྡན་གྱི་གནས་ཚུལ་འོག་ནག་ཉེས་ཐེར་འདོན་གྱི་འཕྲལ་འདོན་གྲོས་གཞིའི་འདྲི་ཞིབ་ལ་ཁྲིམས་དཔོན་7ཡན་དགོས་ཀྱི་ཡོད། འོན་ཀྱང་མིག་སྔའི་གནས་ཚུལ་འོག་མི་6གིས་ཀྱང་འདྲི་ཞིབ་བྱེད་ཆོག་གི་ཡོད་པ་རེད། ད་ཐེངས་ཀྱི་འཕྲལ་འདོན་གྲོས་གཞི་དངོས་སུ་ཞིབ་གཅོད་བྱེད་རིང་ནག་ཉེས་ཐེར་འདོན་གྱི་འཕྲལ་འདོན་གྲོས་གཞིར་ངེས་པར་དུ་ཁྲིམས་དཔོན་6ཚང་མའི་མོས་མཐུན་ཐོབ་ཚེ་གཞི་ནས་རྩ་ཁྲིམས་ཁྲིམས་ཁང་དུ་གྲོས་འཆམ་བྱུང་ཐུབ་ཀྱི་ཡོད། གལ་ཏེ་མི་གཅིག་གིས་ངོ་རྒོལ་བྱས་ཚེ་ནག་ཉེས་ཐེར་འདོན་གྱི་འཕྲལ་འདོན་གྲོས་གཞི་ཕྱིར་སློག་བྱེད་ཀྱི་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
སྒྲིག་སྒྱུར། བདུད་འདུལ་རྡོ་རྗེ།