༄༅། །ཐུ་བྷོད་གསེར་བྲིས་སྒྱུ་རྩལ་གླིང་གི་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་འབུམ་གསེར་བྲིས་ཀྱི་ལས་གཞིའི་བཀའ་འདྲིའི་ཚོགས་འདུ་དང་དབུ་འབྱེད་མཛད་སྒོ།
༼གཅིག༽ འཇམ་མགོན་མི་ཕམ་རྒྱ་མཚོ་སྐུ་འཁྲུངས་ནས་ལོ ༡༧༩ འཁོར་བའི་དུས་ཚེས་ཁྱད་པར་ཅན་གྱི་ཉིན། ཐུ་བྷོད་གསེར་བྲིས་སྒྱུ་རྩལ་གླིང་གི་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་འབུམ་གསེར་བྲིས་ཀྱི་ལས་གཞིའི་བཀའ་འདྲིའི་ཚོགས་འདུ་དང་དབུ་འབྱེད་མཛད་སྒོ་ཁྲིན་ཏུ་གྲོང་ཁྱེར་ནས་གཟབ་རྒྱས་ངང་སྤེལ་ཞིང་། ཚོགས་ཐོག་ཏུ་མཁན་པདྨ་རིག་འཛིན། མཁན་དགེ་དཔལ། རྒན་ཚེ་བྷོ། ཡིག་མཁན་བསྟན་འཛིན། རྒན་ལེགས་སྨོན། སྤྲུལ་འབྲུག་པ་མི་ཕམ་རྣམ་རྒྱལ། རྒན་པདྨ་ཚུལ་ཁྲིམས། རྒན་དཀོན་མཆོག་བསྟན་འཛིན། སོགས་མཁན་སྤྲུལ་དང་མཁས་དབང་ཆེད་མཁས་པ་དང་།
སྔ་འགྱུར་རྙིང་མའི་མ་དགོན་ཆེན་པོ་དྲུག་དང་ཆོས་སྒར་རྣམ་པ་གསུམ་གྱི་ཆེད་མངགས་འཐུས་ཚབ་མཁན་སྤྲུལ་རྣམ་པ་བཅས་མཉམ་དུ་འཛོམས་ནས་མི་ཕམ་གསུང་འབུམ་གསེར་བྲིས་ཀྱི་དབུ་འབྱེད་ཚོགས་འདུ་དངོས་སུ་མགོ་བརྩམས།
༼གཉིས༽ ལས་གཞིའི་དམིགས་ཡུལ་དང་བརྒྱུད་རིམ་སོགས་ངོ་སྤྲོད་དང་སྦྲགས་ནས་ཚོགས་འདུའི་དབུ་བརྩམས་མ་ཐག རྒན་ཚེ་བྷོ། མཁན་པདྨ་རིག་འཛིན། མཁན་དགེ་དཔལ། རྒན་པདྨ་ཚུལ་ཁྲིམས། རྒན་ལེགས་སྨོན། བླ་མ་ཡོན་ཏན་ནོར་བུ་རྣམས་གླེང་སྟེགས་སུ་ཕེབས་ནས་མཛད་སྒོའི་ཞལ་ཁེབ་ཕྱེས་ཤིང་བཀྲ་ཤིས་པའི་སྨོན་ཚིག་བརྗོད་ནས་གསེར་བྲིས་ལས་གཞི་འདིའི་དབུ་འབྱེད་དངོས་སུ་གནང་བར་མ་ཟད། ཁུལ་རིམ་པའི་ཡིག་གཟུགས་རྒྱུད་འཛིན་པ་དང་། ལས་གཞི་འདིའི་རྩ་བའི་འགན་འཛིན་དགེ་རྒན་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས་ཡུལ་ངོས་ནས་གསེར་བྲིས་ཀྱི་ཤིས་སྨོན་བྲིས་ཏེ་རྟེན་འབྲེལ་གྱི་ཆེ་བ་ལེགས་པར་བསྒྲིགས།
༼གསུམ༽ དེ་ནས་ཐེངས་འདིའི་ཚོགས་འདུའི་ལས་རིམ་གཉིས་པ་སྟེ་གསུང་འབུམ་འདི་ཇི་ལྟར་བཞེངས་ན་ལེགས་པའི་གྲོལ་མོལ་དངོས་སུ་དབུ་བཟུང་ཞིང་། ལས་གཞི་འདི་ཉིད་ལག་ལེན་ལ་བསྟར་བའི་གོ་རིམ་ཁྲོད། གསེར་བྲིས་འབྲི་བྱེད་ཀྱི་ཡིག་གཟུགས་སྡེ་བྲིས་བྱས་ན་འོས་མིན་དང། གསུང་འབུམ་གྱི་པོད་གྲངས་དང་། དཀར་ཆག ཆོས་ཚན་གྱི་གོ་རིམ་སོགས་ཅིག་གྱུར་བྱེད་དགོས་མིན་དང། དཔེ་བསྡུར་དང་དག་ཞུས་བྱེད་སྐབས་རྩ་བའི་དཔེ་གཞི་གང་ལ་བཅོལ་ན་འགྲིག་མིན་སོགས་དོན་ཚན་བདུན་གྱི་སྒོ་ནས་བགྲོ་གླེང་དང་དཔྱད་བསྡུར་སྣ་ཚོགས་བྱས་ཤིང། གདན་ས་ཆོས་སྒར་ཁག་གི་འཐུས་ཚབ་དང་། གསེར་བྲིས་དང་དཔེ་རྙིང་སྐོར་གྱི་ཆེད་མཁས་པ། ལྷག་བསམ་ཅན་གྱི་འབྲེལ་ཡོད་དབུ་ཁྲིད་སོགས་ཀྱིས་གསུང་བཤད་གལ་ཆེན་གནང་བར་མ་ཟད། ལྷག་བསམ་རྣམ་དག་དང་། སྦ་གསང་མེད་པའི་སྒོ་ནས་ཉམས་མྱོང་ལྷུག་སྩོལ་གྱི་བཀའ་དྲིན་བསྐྱངས་བ་དང་། འགའ་ཞིག་གིས་ཆེད་དུ་རྟེན་འབྲེལ་ལེགས་སྐྱེས་འབུལ་གནང་མཛད་པ་སོགས་ལས་གཞི་འདིའི་ལེགས་འགྲུབ་ཐད་ལ་བློ་འདོན་ཇུས་འབུལ། རྒྱབ་སྐྱོར་བརྩེ་གཟིགས་ཀྱི་བཀའ་དྲིན་བླ་མེད་བསྐྱངས།
ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་གི་འཕྲིན་ལས་སྲིད་མཐར་ཁྱབ་ཅིང་རྒྱས་པར་གྱུར་ཅིག