༢ ཁེ་ཕན་དང་གནོད་འཚེ།
ངོ་སྤྲོད་མདོར་བསྡུས།
བརྗོད་བྱ། ཚེ་སྲོག་ལ་གཅེས་པའི་གཏམ།
རྩོམ་པ་པོ། མཁན་རིག་ལྡན་ཉི་མ།
གཙོ་སྒྲུབ་པ། བླ་རུང་དཀར་ཟས་ཚན་ཆུང་།
སྒྲིག་སྦྱོར་པ། བླ་རུང་ཆོས་སྦྱིན་སྒྲིག་སྦྱོར་ཚན་ཁག།
སྒྲོག་འདོན་པ། དབྱངས་ཅན།
འདི་ལྟ་བུའི་གནས་ལུགས་ལས་ནི་དུས་ནམ་ཡང་འདའ་བར་མི་སྲིད་ཅིང་། གལ་ཏེ་ཁྱེད་ཉིད་གནས་ལུགས་ལ་དུང་བ་ཆེ་ཞིང་བདེན་དྲང་ལ་གུས་བསྐུར་མངའ་བ་ཞིག་ཡིན་སྲིད་ན། མིག་རྒྱང་གང་གི་བདེ་སྐྱིད་ཙམ་གྱི་ཆེད་དུ་སྔར་བསམ་དང་ཕྱིར་དྲན་ཅི་ཡང་མེད་པར་མིག་ཟུང་སྦར་མོས་བཀབ་རྐྱང་བྱས་ཏེ། རང་སྣང་གང་ཤར་དང་གང་འདོད་བྱུང་རྒྱལ་གྱི་ངང་ནས་རྨོངས་པའི་ལས་ལ་གཅིག་ཏུ་མི་ཕྱོགས་པར། སྒོ་མཐའ་དག་དང་ཕྱོགས་ཀུན་ནས་ཡང་དག་པའི་འཚོ་ཐབས་སྙོམས་པོ་ཞིག་ལ་འབད་བརྩོན་གནང་ཐུབ་པ་བྱུང་ན། ད་གཟོད་རང་རང་ལ་འོས་ཤིང་འཚམས་པའི་བདེ་སྐྱིད་དང་བསོད་ནམས་ཀྱི་ཁོར་ཡུག་སྣུམ་པོ་ཞིག་གིས་དུས་ནམ་ཡང་མི་གཏོང་བ་ནི་གདོན་མི་ཟ་བའི་རྒྱུ་འབྲས་ཀྱི་གནས་ལུགས་ཡིན།
དེ་ལྟ་བས་ན་ངེད་ཅག་ཐུན་མོང་ལ་དབང་བའི་ཁྱིམ་གཞིས་ཆེན་མོ་སྟེ། ས་ལྒང་གོ་ལ་རིལ་མོ་འདིར་འཚོ་ཞིང་གནས་བཅས་པའི་སྲོག་ལྡན་ཡོད་དོ་ཅོག་ཀུན་ཀྱང་བདེ་བ་ལ་གཅིག་ཏུ་འདུན་ཞིང་། བདེ་བ་ལ་མངོན་པར་བརྩོན་ཏེ། བདེ་བ་ལ་ནམ་ཡང་དོན་གཉེར་ཆེ་བའི་རིགས་མཐུན་ཤ་སྟག་ཅིག་ཡིན་པར་སྨྲོས་མ་དགོས་ལ། འུ་ཅག་ཕལ་པ་རྣམས་ཀྱི་མིག་ངོར་ཐད་ཀར་སྣང་ཆོག་ཅིང་། མཐོང་ཐོས་དང་འབྲེལ་འདྲིས་ཀྱི་ཡུལ་དུ་ཅིར་ཡང་འགྱུར་ཐུབ་པའི་མི་དང་དུད་འགྲོ་འདི་དག་ཀྱང་དེ་ལས་ནམ་ཡང་མི་འདའ་བར་བདེ་བ་འབའ་ཞིག་ཆེད་གཉེར་གྱིས་འཚོ་བཞིན་པ་ཞིག་ཡིན་པ་ནི་སུ་ལའང་དྲན་སྐུལ་ཞུ་ག་ལ་དགོས།
དེ་ལྟ་ན་ཡང་རང་རང་གི་མིག་མདུན་གྱི་བདེ་དོན་ཉི་ཚེ་བ་ཙམ་ཞིག་གི་ཆེད་དུ་དབང་ཡོད་དབང་མེད་དང་། བཙན་པོ་དང་གཉོམ་ཆུང་གི་བར་ནས་གཅིག་གིས་གཅིག་ལ་བརྙས་བཅོས་དང་སྡུག་བསྔལ་བཟོད་གླགས་དཀའ་བ་ཞིག་དུས་རྣམས་ཀུན་ཏུ་གཏད་དང་གཏོད་ཀྱིན་ཡོད་ལ། ལྷག་པར་དུ་ཆེས་ཡ་མཚན་པ་ཞིག་ལ་ངེད་ཅག་འགྲོ་བ་མི་ཡི་རིགས་འདི་རྣམས་ཀྱིས་ནི། རང་ཉིད་ཀྱི་ཁེ་ཕན་ཆུང་ངུ་ཙམ་རེ་ཐོབ་འདོད་ཀྱི་ཆེད་དང་གནོད་པ་ཕྲན་བུ་ཙམ་རེ་སྲུང་བའི་དོན་དུ། ཆེས་ཉམ་ཆུང་ཞིང་ཉོན་མོངས་པའི་ཉམ་ཐག་དུད་འགྲོ་དག་གི་ཚེ་སྲོག་ཀྱང་། གང་འདོད་དུ་འཕྲོག་པར་བྱེད་པ་མ་ཟད་རང་ཉིད་ཀྱིས་གདུག་ཅིང་རྩུབ་པའི་ལས་གང་བྱས་ཐམས་ཅད་སྣང་མེད་ཀྱི་ངང་ནས་ངན་པའི་ཀུན་སློང་དང་གནོད་འཚེའི་བསམ་སྦྱོར་ཤ་སྟག་སྟེ། ཐ་ན་དེ་དག་གི་སྡུག་བསྔལ་དང་ཚེ་སྲོག་གི་རིན་ཐང་ལ་ཡང་ཇི་མི་སྙམ་དུ་བསྐྱུར་ཕོད་པའི་སྙིང་ཁམས་འདི་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་།