འཛམ་གླིང་ཨེ་ཛིའི་ཉིན་མོ་ནི་སྤྱི་ལོ༡༩༨༨ལོའི་ཟླ་དང་པོར། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱིན་ཇིའི་རྒྱལ་ས་ལིན་ཏིན་ནས་རྒྱལ་ཁབ་༡༤༠ཡི་དབུ་ཁྲིད་ཆེ་གྲས་འདུས་པའི་ཚོགས་ཆེན་ཞིག་འཚོགས་ཤིང་། ཚོགས་ཆེན་དེའི་སྟེང་དུ་ལོ་རེའི་ཟླ༡༢པའི་ཚེས༡ཉིན་ནི་འཛམ་གླིང་ཨེ་ཛིའི་ཉིན་མོ་ཡིན་པ་གཏན་འཁེལ་བྱས་པ་རེད། དེ་ལྟར་གཏན་འཁེལ་བྱ་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་གང་ཡིན་ཞེ་ན།
གཅིག ཨེ་ཛིའི་ནད་ཡམས་དེ་གོ་ལ་ཧྲིལ་པོར་སྔོན་འགོག་དང་ཚོད་འཛིན་བྱ་ཐུབ་པ་ཞིག་ཡིན་པའི་ངེས་ཤེས་རྙེད་དུ་འཇུག་པ་དང་།
གཉིས། མི་ཚང་མར་ཨེ་ཛི་འགོག་སྲུང་བྱེད་པར་མི་སོ་སོས་རང་ཉིད་ཀྱི་སྤྱོད་ལམ་ལ་འགན་འཁུར་རྒྱུ་དེ་ཆེས་གལ་ཆེ་བའི་དོན་དག་ཅིག་ཡིན་པ་ཤེས་སུ་འཇུག་ཆེད་དང་།
གསུམ། ཨེ་ཛི་ཉིན་མོའི་དྲིལ་བསྒྲགས་བརྒྱུད་དེ་མང་ཚོགས་ལ་ཨེ་ཛིའི་ནད་དུག་ཅན་དག་ནི་ནད་ཀྱིས་འཚེ་བཞིན་པའི་སྐྱེས་བོ་ཉམ་ཐག་གི་རིགས་ཡིན་ལ། ཁོང་ཚོར་སྙིང་རྗེ་དང་བསམ་ཤེས་བྱ་དགོས་པའི་འབོད་སྐུལ་གཏོང་ཆེད་དང་།
བཞི། རྣམ་པ་ཚོས་རང་རང་རྒྱལ་ཁབ་ཀྱི་ཨེ་ཛི་འགོག་བཅོས་བསྒྲིགས་བཀོད་ལ་རྒྱབ་སྐྱོར་བྱས་ཤིང་། གོ་ལ་ཧྲིལ་བོའི་མི་དམངས་ཡོད་ཚད་ཀྱིས་མཉམ་གཅིག་ཏུ་བྱ་འགུལ་སྤེལ་ནས་ལས་ཀ་འདིར་རྒྱབ་སྐྱོར་བྱེད་དུ་འཇུག་ཆེད་བཅས་སོ།།
ཨེ་ཛི་དང་ཚན་རིག བོད་སྨན་དང་ཨེ་ཛི།
ཨེ་འགོག་རང་འདུན་པ་ཞིག་གི་ཟིན་ཐུན་སྒྲོག་འདོན།
འཛམ་གླིང་ཨེ་ཛིའི་ཉིན་མོའི་ངོ་སྤྲོད།
ཨེ་ཛིའི་ནད་ནི་ནད་དུག་གཞན་དང་མི་འདྲ་བར་ཆེས་འཇིགས་སུ་རུང་བ་ཞིག་ཡིན། གཙོ་བོ་ནད་རྟགས་མངོན་པའི་དུས་ཡུན་ལོ་མང་པོ་འགོར་གྱིན་ཡོད་པ་དང་། འཕྲོད་བསྟེན་གྱི་རྒྱུན་ཤེས་མེད་པ། འཆལ་སྤྱོད་ལ་དགའ་བ། ཨེ་ཛིའི་ནད་ཀྱི་འཇིག་ཉེན་ངོ་མི་ཤེས་པའི་བོད་པ་ཚང་ལྟ་བུ་ཞིག་ལ་མཚོན་ན་ཨེ་ཛིའི་ནད་འདིས་མི་རིགས་རྩ་རྫོགས་ཀྱི་ཉེན་ཁ་ནི་རབ་ཏུ་ཤིན་ཏུ་ཆེའོ།།
དམངས་སྒོར་ཁྲི་བརྒྱ་ཕྲག་མང་པོ་ཨེ་ཛི་སྔོན་འགོག་གི་ཆེད་དུ་གཏོང་བཞིན་ཡོད་པ་ནི་གནད་མཁྱེན་པའི་ཕྱག་ལས་ཡིན་པ་རིམ་གྱིས་ཁ་གསལ་ཡོང་གི་འདུག ཨེ་ཛི་ལྟ་བུའི་ནད་ཡམས་སྔོན་འགོག་ལ་ཤུགས་རྒྱག་མ་ཐུབ་ན་མི་རིགས་དང་། ཆོས་ལུགས། རིག་གནས། ང་ཚོའི་མ་འོངས་པ་ཞེས་ག་ཙམ་བཤད་ཀྱང་འབྲས་མེད་ཡིན་པ་ནི་མངོན་སུམ་གྱིས་མིག་མཐོང་ལག་ཟིན་རེད། དེའི་ཕྱིར་བོད་མི་ཡོངས་ཀྱིས་ཨེ་འགོག་གི་རྒྱུན་ཤེས་ལ་སློབ་སྦྱོང་ཡག་པོ་བྱེད་རྒྱུ་ནི་གཞན་གང་ལས་ཀྱང་གལ་ཆེན་རེད་འདུག་གོ།
དོ་དམ་པས།
ཨེ་ཛིའི་འཇིག་ཉེན་ཚབས་ཆེན་ངོ་སྤྲོད་ཀྱི་གསུང་བཤད།
མི་རིགས་ཀྱི་སྣང་བརྙན་གལ་ཆེ།
ཨེ་འགོག་དང་འབྲེལ་བའི་བཀའ་སློབ།
གསུང་བ་པོ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
ཨེ་ཛིའི་ནད་ཡམས་ལ་སྔོན་འགོག་ནན་མོ་བྱ་དགོས།
མཁན་པོ་ཚུལ་ཁྲིམས་བློ་གྲོས།
ཨེ་ཛིའི་ནད་ཡམས་ཀྱི་ལོ་རྒྱུས་ནི། ཨེ་ཛིའི་ནད་ཡམས་ཞེས་པ་འདི་ནི་ཆེས་ཤིན་ཏུ་འཇིགས་སུ་རུང་བའི་འགོས་ནད་ཚབས་ཆེན་ཞིག་ཡིན་ཏེ་ཐོག་མར་ཨ་ཧྥེ་རི་ཀ་བྱུང་ཞིང་ད་ལྟ་འཛམ་གླིང་གི་ཡུལ་གྲུ་ཐམས་ཅད་ལ་ཁྱབ་ཡོད། སྤྱི་ལོ་༡༩༨༡ལོར་མི་རྣམས་ཀྱིས་ནད་འདི་གསར་དུ་ངོ་ཤེས་པར་གྱུར། དེ་ནས་བཟུང་ད་ལྟའི་བར་ལོ་༣༠ཙམ་གྱི་རིང་ལ་འཛམ་གླིང་གི་མི་བྱེ་བ་དྲུག་ལ་ནད་འདི་འགོས། དེ་ལས་མི་བྱེ་བ་གསུམ་ལ་ཉེ་བ་ཙམ་གྱི་སྲོག་ཤོར། འོན་ཀྱང་ད་དུང་བཅོས་ཐབས་རྩ་བ་ནས་རྙེད་མེད། དེས་ན་དེ་སྔོན་འགོག་བྱ་བ་ནི་མི་རིགས་སམ་མི་སྒེར་སུ་ཡིན་ཡང་རུང་ཆེས་ཤིན་ཏུ་གལ་ཆེ་བའི་བྱ་བ་ཞིག་ཡིན་པས་བོད་གངས་ཅན་གྱི་སྐྱེ་བོ་ཡོངས་ཀྱིས་འབད་བརྩོན་བྱ་དགོས་སོ།།
ཨེ་ཛིའི་ནད་སྔོན་འགོག་བྱ་བ་ནི། བརྒྱུད་ལམ་གསུམ་གྱི་དང་པོ་སྔོན་འགོག་བྱེད་པ་ལ། ཕོ་མོའི་ལུས་འབྲེལ་གྱི་བྱ་བ་གཏན་ནས་མ་བྱས་ན་དེ་ལས་བྱུང་བའི་ནད་ཀྱང་ཡོང་དོན་མེད་མོད། འོན་ཀྱང་དེ་མི་ཕལ་མོ་ཆེས་བསྒྲུབ་དཀའ། དེ་ལྟར་མ་ནུས་ན་ནད་དུག་མེད་ངེས་ཀྱི་མི་གཅིག་མ་གཏོགས་གཞན་མང་པོ་ལ་ལུས་འབྲེལ་མི་བྱེད་ཅིང་ཁྱད་པར་དུ་སྨད་འཚོང་མ་ལ་ལུས་འབྲེལ་གཏན་ནས་མི་བྱེད་པ་དང་། སྤྱིར་ལུས་འབྲེལ་བྱེད་པའི་གནས་སྐབས་ཀུན་ཏུ་བདེ་འཇགས་སྲུང་སྐྱོབ་ལ་ནན་ཏན་བྱེད་དགོས་ལ། དེ་ཇི་ལྟར་བྱ་བའི་ཚུལ་རྣམས་ཞིབ་པར་ཤེས་པར་བྱའོ། །བརྒྱུད་ལམ་གཉིས་པ་སྔོན་འགོག་བྱེད་པ་ལྔ་སྟེ། དང་པོ་ཅི་ནུས་ཀྱིས་ལུས་ལ་ཁྲག་ཁབ་མི་རྒྱག་པ་དང་ཅིས་ཀྱང་རྒྱག་དགོས་ན་ཨེ་ཛིའི་ནད་དུག་མེད་པར་གཏན་ཁེལ་བྱས་པའི་རྟགས་མ་ཅན་གྱི་ཁྲག་རྒྱག་པ་དང་། གཉིས་སྨན་བཏུང་བ་ལས་ཅི་ནུས་ཀྱིས་ཁབ་མི་རྒྱག་པ་དང་ཅིས་ཀྱང་རྒྱག་དགོས་ན་སྨན་ཁབ་ཐེངས་གཅིག་པ་ལས་མི་མང་པོ་ལ་བཀོལ་བའི་ཁབ་ཆས་མི་སྤྱད་པ་དང་། ཁབ་མགོ་དང་སྨ་རས་སོགས་ལ་མ་རེག་པ་དང་། སོ་ནད་དང་དེ་ལས་གཞན་པའི་ཁ་ནད་སྨན་བཅོས་བྱེད་པ་སོགས་ཀྱི་སྐབས་སུ་ཡོ་སྤྱད་རྣམས་དུག་སེལ་ལེགས་པོ་བྱས་ཡོད་མེད་བརྟག་པར་བྱ་བ་དང་། ཁྱད་པར་དུ་སྨན་ཁང་ཚད་དང་མི་ལྡན་པ་རྣམས་ཀྱི་ནང་ནས་ཁབ་རྒྱག་པ་སོགས་མི་བྱེད་པ་དང་། བཞི་པ་རང་ཉིད་ཀྱི་སྨར་བཞར་དང་སོ་ཕྱིས་སོགས་ལས་གཞན་གྱི་དེ་དག་མི་བཀོལ་བ་དང་། ལྔ་པ་ཁྲག་ཐོན་པའི་རྨས་མ་སྐྱོབ་པའི་ཚེ་ན་དེའི་ཁྲག་རང་གི་ལུས་ཀྱི་པགས་པའམ་ཁྱད་པར་རྨ་ཁ་ཡོད་ན་དེ་ལ་མ་རེག་པར་བྱེད་དགོས་ཏེ། དེ་རྣམས་ཀྱི་རིགས་འགྲེལ་ནས་བྱ་བ་གཞན་ཀུན་ལ་ཤེས་པར་བྱའོ། །བརྒྱུད་ལམ་གསུམ་པ་སྔོན་འགོག་བྱེད་པ་ལ་གཉིས་ཏེ། དང་པོ་ཕྲུ་གུ་སྐྱེ་གསོའི་ན་ཚོད་དང་ལྡན་པའི་བུད་མེད་རྣམས་ཀྱིས་ལྷག་པར་དུ་ཨེ་ཛིའི་ནད་དུག་གི་བརྒྱུད་ལམ་ལ་དོགས་ཟོན་བྱས་ནས་དེ་མི་འགོ་བར་བྱ་བ་དང་། གཉིས་པ་མངལ་ཆགས་པའི་སྔ་རོལ་དུ་ནད་དུག་ཡོད་པར་ཤེས་ན་མངལ་ཆགས་སུ་མི་འཇུག་པ་སོགས་ཀྱི་ཐབས་ཤེས་བརྟེན་པ་དང་། ནུ་འོ་དང་མའི་ཁ་ནང་ནས་བུ་ལ་བཟས་མི་སྦྱིན་པ་སོགས་དགོས་སོ། །
ཨེ་ཛིའི་ནད་པ་ལ་བྱམས་སྐྱོང་བྱ་བ་ནི། ནད་དུག་ཅན་གྱི་མི་རྣམས་སྤྱི་ཚོགས་ཡོངས་ཀྱིས་བརྩེ་གཟིགས་བྱམས་སྐྱོང་བྱ་བ་ལས་དེ་དག་ལ་ལག་འཇུ་བྱས་པ་དང་མཉམ་དུ་ཟས་བཟོས་པ་དང་ཆུ་རྐྱལ་བྱས་པ་དང་ཆབ་ཁང་སོགས་གནས་དང་ཡོ་བྱད་གཅིག་ལ་མཉམ་དུ་ལོངས་སྤྱད་པ་དང་། ཁ་རླངས་ཕོག་པ་ཙམ་གྱིས་ནད་འགོ་བར་མི་འགྱུར་བའི་ཧ་ཅང་ཁུ་འཕྲིག་ནས་མིའི་ཁྱུ་ནས་ཕྱིར་འབུད་བྱས་ན་མི་འཐད་ཅིང་མི་དགོས་པའི་དེ་ལྟར་མི་བྱེད་པ་གལ་ཆེའོ།།
ཨེ་ཛིའི་ནད་པ་རང་གིས་ཇི་ལྟར་བྱ་བ་ནི། ནད་དུག་ཅན་གྱི་མི་རྣམས་ཀྱི་རང་གི་ནད་རྩ་བ་ནས་བཅོས་ཐབས་མ་བརྙེད་ཀྱང་རེ་ཞིག་ཕན་པའི་སྨན་བསྟེན་པ་དང་ཁྱད་པར་དུ་གཞན་ལ་མི་འགོ་བའི་ཐབས་ལ་བརྩོན་པ་ནན་ཏན་བྱ་བ་དང་བདེ་སྡུག་གཏོང་ལེན་དང་ལས་འབྲས་ཡིད་ཆེས་སོགས་དམ་པའི་ཆོས་ཀྱི་སྒོ་ནས་ནད་འདི་ལ་བརྟེན་ཏེ་རང་གི་སྡིག་སྒྲིབ་འཛད་པ་དང་ཚོགས་གསོག་པའི་ཐབས་ལམ་ལ་འབད་པར་བྱ་དགོས་སོ།། འདི་དག་མདོར་བསྡུས་པ་ཙམ་ཞིག་ཡིན་པས་རྒྱས་པར་གཞན་དག་ལས་ཤེས་པར་བྱས་ནས་སྔོན་འགོག་ནན་ཏན་མཛད་པར་ཞུ་ཞུ།
དར་སྐུད་དམར་པོ།
ཚིག མཁན་པོ་ཚུལ་ཁྲིམས་བློ་གྲོས།
ལེན་མཁན། ཤེར་བསྟན།
ཨེ་འགོག་གི་གླུ།
ཚིག མཁན་པོ་ཚུལ་ཁྲིམས་བློ་གྲོས།
ལེན་མཁན། ཚེ་དབང་ལྷ་མོ།
མི་རིགས་ཀྱི་བདེ་ཐང་ལ་བྱས་རྗེས་ཟབ་པའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་དགེན་ཆོས་དཔལ་བཟང་བོ།