སྐྱེས་ཆེན་དམ་པའི་བཀའ་དྲིན་རྗེས་སུ་དྲན། །
དུས་རབས་གསར་པའི་སྙིང་སྟོབས་དར་སྤེལ་གཏོང་། །
༢༠༢༤ལོའི་ཟླ་༡༠ཚེས་༡༤ཉིན་ནས་ཚེས་༡༥ཉིན་གྱི་བར། མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་ནས་གཟབ་རྒྱས་ངང་འཚོགས་པ་རེད། གོ་སྐབས་བཟང་པོ་དེ་དང་བསྟུན་ནས། ང་ཚོས་མཁས་དབང་ཁོང་གི་སློབ་མ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀའ་མགོན་ལགས་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབུམ་སྐྱབས་ལགས་གཉིས་གདན་དྲངས་ཏེ། མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་སྐུ་ཚེའི་མཛད་རྣམ་དང་རིག་གཞུང་གི་དགོངས་པ་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐད་ནས་ཁ་བརྡ་ཞིག་བྱས་ཡོད།
ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ངང་ཚང་འབུམ་སྐྱབས་ནི་༡༩༥༧ལོར་སི་ཁྲོན་ཞིང་ཆེན་ཟུང་ཆུ་རྫོང་དུ་སྐྱེས་ཤིང་། སྔ་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས། ༡༩༨༨ལོ་ནས་བཟུང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་མི་ལོ་སོ་གསུམ་གྱི་རིང་ལ་སློབ་ཁྲིད་དང་ཞིབ་འཇུག་གི་ཕྱག་ལས་གཉེར་བ་རེད། ཞིབ་འཇུག་གི་གྲུབ་འབྲས་ལ་ཏུན་ཧོང་ཡིག་ཚང་ལས་བྱུང་པའི་མནའ་ཚིག་རེ་ཡིག་ལ་དཔྱད་པ་སོགས་དཔྱད་རྩོམ་བཅུ་ཕྲག་ལྷག་འབྲེལ་ཡོད་ཀྱི་རིག་གཞུང་དུས་དེབ་སྟེང་བཀོད་པ་དང་། བོད་ཀྱི་གཏན་ཚིགས་རིག་པའི་སྤྱི་དོན་གོ་བདེར་བརྗོད་པ་སོགས་ཆེད་རྩོམ་དང་བསྒྱུར་རྩོམ་པོད་ལྔ་ཡོད་ཅིང་། རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་དང་། ཁང་དཀར་གསུང་འབུམ་ལ་སོགས་པ་གཙོ་སྒྲིག་བྱས་པའི་བསྟན་བཅོས་པོད་སུམ་ཅུ་ལྷག་ནི་དཔར་དུ་བསྐྲུན་པ་ལ། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ནས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བྱ་དགའ་ཨང་དང་པོ་༡དང་ཨང་གསུམ་པ་༢ཐོབ་ཡོད་ལ། རྒྱལ་ཡོངས་གྲངས་ཉུང་མི་རིགས་གནའ་དཔེ་འཛིན་སྐྱོང་སྤེལ་གསུམ་ལ་མཛད་རྗེས་ལྡན་པའི་མཚན་རྟགས་གནང་བ་རེད།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྟུག་རྒྱའི་བཀའ་སྲུང་མགོན་པོ། བསྡུས་མིང་དུ་བཀའ་མགོན་ཟེར། སྨྱུག་མིང་ལ་ཁུ་བྱུག་གམ་རིག་པའི་ཁུ་བྱུག་ཅེས་གྲགས། སྤྱི་ལོ་༡༩༦༦ལོར་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་དུ་སྐྱེས། སྤྱི་ལོ་༡༩༩༤ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན། ལོ་དེར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཕེབས་ནས་ད་བར་དགེ་རྒན་གྱི་ཕྱག་ལས་གནང་། ཞིབ་འཇུག་གི་གྲུབ་འབྲས་ལ་སངས་རྒྱས་ཆོས་ལུགས་དང་བོད་ཀྱི་རིག་གནས་ལས་འཕྲོས་པའི་གནད་དོན་སྐོར་གླེང་བ་བདེན་གཏམ་ཡིད་ཀྱི་མུན་སེལ་སོགས་རིག་གཞུང་ཆེད་དེབ་ལྔ་དང་། རྩོམ་སྒྲིག་བྱས་པ་ལ་བོད་ཀྱི་མཁས་པའི་ལེགས་རྩོམ་ཕྱོགས་བསྒྲིགས་བློ་གསལ་འཇུག་ངོགས་སོགས་དེབ་གསུམ། སློབ་དེབ་ལ་སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད་བློ་གསལ་འཇུག་ངོགས་དང་། ལེགས་སྦྱར་སྒྲ་རིག་པའི་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་པ་སོགས་ནི་རྒྱལ་ཁབ་རིམ་པའི་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། གཞན་ཁོང་གིས་ཀྲུང་གོའི་བོད་རིག་པ་སོགས་རིག་གཞུང་དུས་དེབ་ཁག་ཏུ་དཔྱད་རྩོམ་དྲུག་ཅུ་ལྷག་སྤེལ་ཡོད། ཁོང་གི་རིག་གཞུང་གྲུབ་འབྲས་ལ་རིམ་པ་སོ་སོའི་བྱ་དགའ་མང་པོ་ཐོབ་པ་དང་། གཞན་ད་དུང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་ཞུའི་སློབ་དཔོན་ཆེན་མོ་སོགས་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་ནས་ཞོར་འགན་མང་པོ་བཞེས་ཡོད།
ཡོང་ཁུངས། གངས་ཅན་མཐོ་སྒང་།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས། མཚོ་མོ་སྐྱིད།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག