༼མི་རིགས༽དུས་དེབ་འདོན་སྤེལ་བྱས་ནས་ལོ་ངོ་༤༠འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས།
ཟླ་༡༠ཚེས་༣༡ཉིན་སི་ཁྲོན་༼མི་རིགས༽་དུས་དེབ་འདོན་སྤེལ་བྱས་ནས་ལོ་ངོ་༤༠འཁོར་བའི་བཞུགས་མོལ་ཚོགས་འདུ་ཕན་ཀྲི་ཧྭ་ནས་འཚོགས་པ་རེད། ཐེངས་འདིའི་ཚོགས་འདུ་ཐོག་སི་ཁྲོན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རེན་གཞོན་པ་མཱ་ཧྥེ་དང་། མི་རིགས་དུས་དེབ་ཁང་གི་འགོ་འཛིན་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཝང་ཏིང་ཕུའུ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལུའོ་ཆིང་ཁྲུན་དང་། ཁམས་པའི་བརྙན་འཕྲིན་ཁང་གི་སྔ་མའི་འགོ་འཛིན་གཞོན་པ་ཡེ་ཤེས་ཕུན་ཚོགས་སོགས་འབྲེལ་ཡོད་དབུ་ཁྲིད་དང་ཆེད་མཁས་པ། གཞན་ཡང་སི་ཁྲོན་མི་རིགས་ཆོས་ལུགས་སྡེ་ཁག་གི་ཁུལ་དང་རྫོང་གི་འབྲེལ་ཡོད་ལས་ཁུངས་དང་གསར་འགྱུར་འཕྲིན་སྦྱོར་ལས་ཁུངས་ཀྱི་ལས་སྒྲུབ་པ་དང་གསར་འགོད་པ་སོགས་མི་༨༠ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་པ་རེད།
ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་ཐོག་འབྲེལ་ཡོད་དབུ་ཁྲིད་དང་རིག་གཞུང་ཆེད་མཁས་པ། མི་རིགས་ཆོས་ལུགས་སྡེ་ཁག་གི་ལས་སྒྲུབ་པ་དང་གསར་འགྱུར་འཕྲིན་སྦྱོར་པ་བཅས་ཀྱི་འཐུས་ཚབ་མི་སྣས་༼མི་རིགས༽དུས་དེབ་ཀྱི་རྒྱ་ཡིག་དང་བོད་ཡིག དབྱིན་ཡིག་བཅས་པར་ཡིག་གསུམ་གྱི་ནང་དོན་འཆར་འགོད་དང་པར་ངོས་བཀོད་སྒྲིག། དྲིལ་བསྒྲགས་གནས་ཚུལ་སོགས་ཀྱི་ཐད་ནས་མི་རིགས་དུས་དེབ་ཀྱི་འདས་སོང་གི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པར་མ་ཟད། མ་འོངས་པའི་འཕེལ་རྒྱས་ཐད་ནས་དགོངས་འཆར་གང་ལེགས་བཏོན་ཞིང་། ནང་སྒོས་སུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཐད་ནས་རེ་བ་གསར་པ་བཏོན་པ་རེད།
༼མི་རིགས༽དུས་དེབ་ནི་༡༩༨༤ལོར་ཐོག་མར་འདོན་སྤེལ་བྱས་ཤིང་། རྒྱ་ཡིག་དང་བོད་ཡིག་དབྱིས་ཡིག་བཅས་ཡིག་རིགས་གསུམ་གྱི་ལམ་ནས་དཔེ་སྐྲུན་འགྲེམས་སྤེལ་བྱས་དང་བྱེད་བཞིན་ཡོད། དེ་ནི་སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་བདག་གཉེར་གཙོ་སྒྲུབ་གནང་བའི་དབང་གྲགས་གཉིས་ལྡན་གྱི་ཀྲུང་གོའི་མི་རིགས་ཁག་གི་གནས་ཚུལ་སྤེལ་བའི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་དུས་དེབ་ཅིག་ཡིན་པ་རེད།
༼མི་རིགས༽དུས་དེབ་ཀྱིས་ལྟ་ན་སྡུག་ཅིང་ནང་དོན་ཕུན་སུམ་ཚོགས་པའི་ཡིག་རིས་དང་ཁྱད་ཆོས་ལྡན་པའི་པར་ངོས་ཇུས་འགོད་སོགས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་རྣམ་པ་ཕུན་སུམ་ཚོགས་པའི་འཚོ་བ་དངོས་ངོ་སྤྲོད་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་འདི་ཡར་རྒྱས་གོང་འཕེལ་དང་ལོ་རྒྱུས་ཀྱི་འཕོ་འགྱུར་ཡོད་ཚད་ཡོངས་སུ་མངོན་པར་བྱས་ཤིང་། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་སྤེལ་བཞིན་ཡོད་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་གཏམ་རྒྱུད་ཡག་མོ་གླེང་བཞིན་མི་རིགས་ཁག་གི་འབྲེལ་འདྲིས་ཇེ་ཟབ་འགྲོ་བ་དང་། ཕྱོགས་ཡོངས་སྤེལ་རེས་བྱེད་པ། ཕན་ཚུན་འབྲེལ་བ་དམ་དུ་འགྲོ་བ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ལེགས་པོར་ཆགས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པ་བཅས་ལ་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད། ད་དུང་འཛམ་གླིང་ཡོངས་ཀྱི་ཁྱབ་ཁུངས་ནང་གི་མི་རིགས་སོ་སོའི་རིག་གནས་དང་འཚོ་བ་ལ་དོ་ཁུར་བྱས་དང་བྱེད་བཞིན་ཡོད།
༼མི་རིགས༽དུས་དེབ་ལ་དབང་གྲགས་རང་བཞིན་དང་ཤེས་རིག་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཀྱི་དགེ་མཚན་གཅིག་ཏུ་འདུས་ཤིང་། རང་རྒྱལ་གྱི་ཞིང་ཆེན་སོ་སོ་དང་རང་སྐྱོང་ཁུལ་སོ་སོ། ཐད་གཏོགས་གྲོང་ཁྱེར། ཞང་ཀང་། ཨའོ་མོན། ཐའེ་ཝན། ད་དུང་ཨ་རི་དང་། ཁ་ན་ཌ། འཇར་པན། སིང་ག་ཕོར་བཅས་རྒྱལ་ཁབ་སོ་སོར་འགྲེམ་སྤེལ་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཆེ་པོ་ཐོབ་ཡོད།
༼མི་རིགས༽དུས་དེབ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་རྒྱ་ཡིག་དུས་དེབ་གཙོ་བོ་དང་། སི་ཁྲོན་ཞིང་ཆེན་གྱི་ཆེས་ལེགས་པའི་དུས་དེབ་བཅུ་ཡི་གྲས། སི་ཁྲོན་གྱི་ཕུལ་བྱུང་དུས་དེབ། རིམ་པ་དང་པོའི་སྤུས་ལེགས་དུས་དེབ། རྒྱལ་ཡོངས་གནོད་འགོག་རྒུད་སེལ་དྲིལ་བསྒྲགས་ཀྱི་སྔོན་ཐོན་དུས་དེབ་བཅས་སུ་བདམས་བཀོད་བྱས་ཡོད་པར་མ་ཟད། དུས་དེབ་ལ་༢༠༡༢ལོར་སི་ཁྲོན་དཔེ་སྐྲུན་བྱ་དགའ་དང་དུས་དེབ་བྱ་དགའ། ༢༠༡༤ལོ་དང་༢༠༡༥ལོ། ༢༠༡༨ལོ་བཅས་ལ་ཀྲུང་གོའི་ཆེས་མཛེས་པའི་དུས་དེབ་སོགས་བྱ་དགའ་སྣ་ཚོགས་ཐོབ་ཡོད་ལ། ད་དུང་ ༢༠༡༩ལོ་ནས་༢༠༢༤ལོ་བར་བསྟུད་མར་པེ་ཅིན་རྒྱ་སྤྱིའི་དཔེ་དེབ་འགྲེམ་སྟོན་དང་། ཀྲུང་གོའི་སྤུས་ལེགས་དུས་དེབ་འགྲེམ་སྟོན་གྲས་སུ་བདམས་པ་རེད།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག